
ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་སཱ་ལི་ཡིས་ཚེས13ཉིན་བསྟན་དོན། ཉེ་བའི་ཉིན་འགར་ཕྱོགས་སོ་སོས་དབྱི་ལིང་གི་གནས་བབ་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱས་པ་དང་། དེའི་ནང་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་ནམ་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆིའི་བར་གྱི་འབྲེལ་འདྲིས་འདུས་པ་དང་། སྨྱན་བྱད་ཀྱིས་བསྒྲགས་པའི་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་ཨ་ལཱ་ཀི་ཆིའི་བར་གྱི་འབྲེལ་འདྲིས་ཀྱང་འདུས་ཡོད་ཟེར།
ཨན་སཱ་ལི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། མིག་སྔར་ས་ཁུལ་དེའི་མདུན་དུ་ལྷགས་པའི་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་ཡོད་པར་དམིགས་ནས། ཁཱ་ཐར་ཧུར་ཐག་སྒོས་གོང་གི་འབྲེལ་འདྲིས་ནང་ཞུགས་པར་མ་ཟད་ལག་བསྟར་ཐུབ་པའི་བྱེད་ཐབས་གང་རུང་སྤྱད་དེ་གྲོས་མོལ་དང་ཞི་བའི་བྱེད་ཐབས་ཀྱིས་འགལ་བ་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
ཁོས་ནན་གྱིས་བསྟན་དོན། ཆེས་གལ་ཆེ་བ་ནི་ས་ཁུལ་རང་གི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་དེ་ཡིན་ལ། ཕྱོགས་སོ་སོ་ཡང་བསྐྱར་གྲོས་མོལ་ནང་ཞུགས་པ་ནི་དོན་ཆེན་ཡིན། གནས་བབ་ཛ་དྲག་ཏུ་གྱུར་ཡོད་ཀྱང་ཕྱི་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་པའི་སྒོ་མོ་སྔར་བཞིན་ཡངས་པོར་ཕྱེས་ཡོད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས13ཉིན་ཨན་སཱ་ལིའི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། ཏའོ་ཧཱ་ཡིས་དབྱི་ལིང་དང་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། ཕྱི་འབྲེལ་ནི་མིག་སྔར་ས་ཁུལ་བར་གྱི་རྩོད་གླེང་ཐག་གཅོད་བྱེད་པའི་ནུས་པ་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱེད་ཐབས་ཤིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།