ཅིན་ཡུས་ཀྲིན་གྱིས་ཁྲའོ་ཞན་དང་ཧན་གོའི་འབྲེལ་བའི་དངོས་ཡོད་ལ་འགྱུར་ལྡོག་གཏན་ནས་འབྱུང་མི་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་གྱིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཁྲའོ་ཞན་དང་ཧན་གོའི་འབྲལེ་བའི་དངོས་ཡོད་ལ་འགྱུར་ལྡོག་གཏན་ནས་འབྱུང་མི་སྲིད་ཟེར།

ཅིན་ཡུས་ཀྲིན་གྱིས་བསྟན་དོན། ཧན་གོའི་གཅིག་གྱུར་པུའུ་ཡིས་དེའི་སྔོན་བཤད་རྒྱུར། ཁོ་མོའི་སྔོན་གྱི་རྣམ་འགྱུར་ལས་འབྲེལ་འདྲིས་དང་འབྲེལ་བ་ཞི་འཇགས་སུ་གཏོང་བར་བར་སྟོང་བསྐྱུར་ཡོད་ཀྱང་། དེ་ནི་ནོར་འཆུག་གི་བསམ་ཚུལ་ཞིག་ཡིན་ལ། ཧྲིག་ཨར་གྱིས་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པའི་སྐོར་གྱི་རེ་བ་ཡོད་ཚད་ནི་མངོན་འགྱུར་བྱེད་ཐབས་མེད་པའི་སྟོང་བསམ་ཁོ་ན་རེད་ཟེར།

ཅིན་ཡུས་ཀྲིན་གྱིས་བསྟན་དོན། ཧན་གོ་ཡིས་ཉེ་སྔོན་ཁྲའོ་ཞན་གྱི་བདག་དབང་ལ་གནོད་པའི་དཀྲུག་འཕེན་བྱ་སྤྱོད་ཚབས་ཆེན་སྤེལ་བ་དང་། ཧྲིག་ཨར་དབང་འཛིན་ལས་ཁུངས་ཀྱིས་ཁྲའོ་ཞན་གྱི་བདག་དབང་ལ་གནོད་པའི་བྱ་སྤྱོད་དེ་ཁས་ལེན་བྱས་ནས་དེར་དགོངས་དག་ཞུ་དགོས་ལ། བྱེད་ཐབས་སྤྱད་དེ་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དེའི་སྔོན་བསྒྲགས་པ་ལྟར་ན། ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡི་མགྲིན་ཚབ་པས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། 2024ལོའི་ཟླ10བར་ཕེན་རང་གི་བར་སྣང་དུ་མི་མེད་གནམ་གྲུས་འཇབ་རྒོལ་བྱས་པའི་དོན་རྐྱེན་བཟོས་རྗེས། ཧན་གོས་ལོ་གསར་བའི་སྐབས་སུ་མི་མེད་གནམ་གྲུ་བཏང་ནས་ཁྲའོ་ཞན་གྱི་མཁའ་ཁོངས་ལ་གནོད་པ་བཟོས་ཏེ་ཡང་བསྐྱར་དཀྲུག་འཕེན་ཚབས་ཆེན་བྱས། ཅིན་ཡུས་ཀྲིན་གྱིས་ཚེས10ཉིན་གཏམ་བཤད་སྤེལ་ཏེ། ཧན་གོ་ཕྱོགས་ཀྱིས་འགན་འཁྲིར་མི་གཞོལ་བར། ངེས་པར་དུ་དོན་རྐྱེན་དེའི་ཐད་ནས་བྱེ་བྲག་གི་གསལ་བཤད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།