དབྱིན་ཇི་ཡིས་ཁཱ་ཐར་གྱི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་ནས་མི་སྣ་ཕྱིར་འཐེན་བྱེད་མགོ་བརྩམས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱིན་ཇིའི་མཁའ་དབྱིངས་གསར་འགྱུར་ཁང་གིས་ཚེས14ཉིན་བསྒྲགས་པ་ལྟར་ན། དབྱིན་ཇིའི་མཁའ་དམག་མི་སྣ་རེ་འགའ་ཨ་མེ་རི་ཁས་ཁཱ་ཐར་དུ་བཙུགས་ཡོད་པའི་ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞི་ནས་ཕྱིར་འཐེན་བྱེད་མགོ་བརྩམས་ཡོད་ཟེར།

བསྒྲགས་པ་ལྟར་ན། དབྱིན་ཇི་ཕྱོགས་ཀྱིས་རྟེན་གཞི་དེ་ནས་མི་སྣ་ཚང་མ་ཕྱིར་འཐེན་བྱེད་མིན་མིག་སྔར་ད་རུང་གསལ་བོར་མི་ཤེས་ཟེར།

ཁཱ་ཐར་ཕྱོགས་ཀྱིས་དེའི་སྔོན་ཨ་མེ་རི་ཁའི་དམག་དཔུང་གིས་ཝུའུ་ཏའེ་ཏི་རུ་བཅའ་སྡོད་བྱེད་པའི་མཁའ་དམག་རྟེན་གཞིའི་མི་སྣ་སྐོར་ཞིག་ཕྱིར་འཐེན་བྱས་པ་བདེན་དཔང་བྱས་པ་དང་། བྱ་སྤྱོད་དེ་ནི་མིག་སྔའི་ཛ་དྲག་གི་གནས་བབ་ཐག་གཅོད་བྱེད་ཆེད་ཡིན་ཟེར།

ཉེ་སྔོན་དབྱི་ལིང་གི་ས་ཁུལ་མང་བོར་ངོ་རྒོལ་འགུལ་སྐྱོད་སྤེལ་བ་དང་། དེ་ལས་ཟིང་འཁྲུག་བྱུང་ནས་མི་སྣར་ཤི་རྨས་བཟོས་ཡོད། བསྟུད་མར་ཉིན་འགའི་རིང་ལ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཐེངས་མང་བོར་དམག་དོན་ལ་བརྟེན་ནས་དབྱི་ལིང་གི་གནས་བབ་ལ་ཐེ་གཏོགས་བྱེད་རྒྱུའི་འཇིགས་སྐུལ་བྱས།

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡི་ཆབ་སྲིད་བློ་འདོན་པ་ཧྲ་མུའུ་ཧཱ་ནེ་ཡིས་ཚེས14ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་དབྱི་ལིང་ལ་འཇབ་རྒོལ་བྱེད་ན། དེར་རྒོལ་ལན་སྤྲོད་ཆེད་དབྱི་ལིང་གིས་ན་ནིང་ལྟར་དུ་ཝུའུ་ཏའེ་ཏི་མཁའ་དམག་རྟེན་གཞིར་ཆམ་ཕབ་གཏོང་བའི་ནུས་པ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།