ཧྥ་རན་སིའི་དམག་མི་ཀི་ལིན་ལན་གླིང་ཕྲན་དུ་སོང་ནས་རྒྱལ་ཁབ་མང་བོའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཧྥ་རན་སིའི་རྒྱལ་སྲུང་པུའུ་ཡིས་ཚེས14ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སི་ཀི་ལིན་ལན་གླིང་ཕྲན་ནས་སྤེལ་རྒྱུ་ཡིན་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཧྥ་རན་སིའི་དམག་དཔུང་གི་མངག་གཏོང་རུ་ཁག་ཆུང་བ་ཞིག་གིས་ཏན་མག་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་རེ་འགས་དང་མཉམ་དུ་འཁྱག་གྲང་ཆེ་བའི་ཁོར་ཡུག་ཁྲོད་ཀྱི་དམག་དོན་སྦྱོང་བརྡར་ཞིག་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས15ཉིན་ཧྥ་རན་སིའི་དམག་དཔུང་ལ་ལོ་གསར་བའི་ཤིས་ཚིག་འབུལ་སྐབས་བྱེ་བྲག་གི་གནས་ཚུལ་མཚམས་སྦྱོར་བྱེད་རྒྱུ་གཏན་འཁེལ་བྱས་ཡོད།

གཞན་ཡང་འཇར་མན་རྒྱལ་སྲུང་པུའུ་ཡིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། ཏན་མག་གིས་གདན་ཞུས་བྱས་པ་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་དཔུང་ཚེས15ཉིན་ནས་ཚེས17ཉིན་བར་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོ་དང་མཉམ་དུ་ཀི་ལིན་ལན་གླིང་ཕྲན་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དོན་རྟོག་ཞིབ་འགུལ་སྐྱོད་ལ་ཞུགས་རྒྱུ་ཡིན། འགུལ་སྐྱོད་དེའི་དམིགས་ཡུལ་ནི་འཇར་མན་གྱིས་ས་ཁུལ་རང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ནས་ཏན་མག་ལ་དམག་དོན་རྒྱབ་སྐྱོར་བྱེད་པར་དཔྱད་འཇོག་བྱེད་ཆེད་ཡིན་ཟེར།

འཇར་མན་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་དོན། མི13གྱིས་གྲུབ་པའི་དམག་དོན་ཚན་ཆུང་ཞིག་ཐེངས་འདིའི་འགུལ་སྐྱོད་ལ་ཞུགས་པར་མངག་རྒྱུ་ཡིན་ལ། ཚན་ཆུང་དེ་ཚེས15ཉིན་སྐྱེལ་འདྲེན་གནམ་གྲུར་བསྡད་དེ་ཀི་ལིན་ལན་གླིང་ཕྲན་གྱི་ལྟེ་གནས་གྲོང་ཁྱེར་ནོའུ་ཁི་རུ་འགྲོ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།