མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཟླ་བཞི་བར་དྲུང་ཡིག་ཆེན་མོའི་འདེམ་སྒུག་མི་སྣའི་མཉམ་འབྲེལ་གྲོས་མོལ་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​སྐབས་བརྒྱད་ཅུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་པེ་ཨར་པའོ་ཁི་ཡིས་ཚེས14ཉིན་ཁོངས་གཏོགས་རྒྱལ་ཁབ་སོ་སོར་འཕྲིན་ཡིག་བཏང་སྟེ། ཟླ4བའི་ཚེས20ཉིན་ནས་གཟའ་འཁོར་གཅིག་ནང་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འདེམ་སྒུག་མི་སྣའི་ཐད་ནས་དྲ་ཐོག་ནས་མཉམ་འབྲེལ་གྲོས་མོལ་བྱེད་རྒྱུ་ཐག་བཅད་ཡོད་པ་ཁྱབ་བསྒྲགས་བྱས།

པེ་ཨར་པའོ་ཁི་ཡིས་བཤད་རྒྱུར། འདེམ་སྒུག་པ་དག་ཐེངས་འདིའི་མཉམ་འབྲེལ་གྲོས་མོལ་ལ་ཞུགས་པར་སྟབས་བདེ་བཟོ་ཆེད། ཆེས་འགོར་ན་ཡང་ཟླ4བའི་ཚེས1ཉིན་གྱི་སྔོན་ལ་ཁོངས་གཏོགས་རྒྱལ་ཁབ་དག་གིས་སྔ་མོ་ནས་འདེམ་སྒུག་པའི་མིང་འདོན་དགོས། མཉམ་འབྲེལ་གྲོས་མོལ་སྐབས་སུ་འདེམ་སྒུག་པ་རེ་རེར་རང་ཉིད་ཀྱི་རེ་འདུན་རྒྱས་བརྗོད་བྱེད་པའི་གོ་སྐབས་ཡོད་ལ། ཁོངས་གཏོགས་རྒྱལ་ཁབ་སོ་སོས་འདེམ་སྒུག་པར་དྲི་བ་བཏོན་ནས་ཁ་བརྡ་བྱས་ཆོག་ཟེར། ཁོ་མོས་དམངས་ཁྲོད་ཚོགས་ཁག་དག་མཉམ་འབྲེལ་གྲོས་མོལ་དེར་ཞུགས་པའི་སྐུལ་མ་བཏང་།

ན་ནིང་ཟླ11པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འདེམ་བསྐོ་དང་བསྐོ་འཇོག་ལས་རིམ་མགོ་བརྩམས་པ་དང་། ཟླ་དེའི་ནང་ཨ་ཀིན་ཐིན་གྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་འདེམ་བསྐོ་ལ་ཞུགས་པར་དངོས་སུ་མིང་འདོན་བྱས། མིག་སྔར། ཀི་ལོ་ཞི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འདེམ་བསྐོར་ཞུགས་པའི་འདེམ་སྒུག་མི་སྣ་གཅིག་པུ་རེད།

ད་ལྟའི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས2017ལོའི་ཟླ་དང་པོར་ནས་བཟུང་ལས་འགན་ཁུར་བ་དང་། 2021ལོའི་ཟླ6པར་བསྟུད་འགན་ཁུར་བ་ཡིན་ལ། ཁོའི་འགན་ཡུན་ད་ལོའི་ཟླ12པའི་ཚེས31ཉིན་མཇུག་སྒྲིལ་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འདེམ་བསྐོ་བྱེད་པར་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཚམས་སྦྱོར་བྱེད་དགོས་པ་དང་། དེ་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་བསྐོ་འཇོག་བྱེད་དགོས་ལ། འགན་ཡུན་ལོ་ངོ་ལྔ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།