ཨ་མེ་རི་ཁ་དང་ཏན་མག་གིས་ཀི་ལིན་ལན་གླིང་ཕྲན་གྱི་གནད་དོན་ཐད་ནས་གྲོས་མོལ་བྱས་པར་འགལ་བ་ཆེན་པོ་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཏན་མག་གི་ཕྱི་འབྲེལ་བློན་ཆེན་ལཱ་སི་མུའུ་སིན་གྱིས་ཚེས14ཉིན་ཝ་ཧྲིན་ཐོན་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱས་རྗེས་ནན་གྱིས་བསྟན་དོན། ཏག་མག་གི་མངའ་ཁོངས་ཆ་ཚང་བ་དང་ཀི་ལིན་ལན་མི་དམངས་ཀྱི་རང་ཐག་གཅོད་པའི་དབང་ཆར་བརྩི་འཇོག་མི་བྱེད་པའི་ལྟ་བ་དེ་དང་ལེན་བྱེད་ཐབས་མེད་ལ། ཕྱོགས་གཉིས་བར་སྔར་བཞིན་གཞི་རྩའི་འགལ་བ་གནས་ཡོད་ཀྱང་། མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་མ་ཟད། མཐོ་རིམ་བྱ་བའི་ཚན་ཆུང་རྩ་འཛུགས་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

ལཱ་སི་མུའུ་སིན་དང་ཀི་ལིན་ལན་གླིང་ཕྲན་རང་སྐྱོང་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་མའོ་ཚི་ཧྥེ་ཨར་ཐི་དང་ཨ་མེ་རི་ཁའི་སྲིད་འཛིན་གཞོན་པ་ཝན་སི། རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་བཅས་གཉིས་ཀྱིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱས།

ལཱ་སི་མུའུ་སིན་གྱིས་གྲོས་མོལ་བྱས་རྗེས་མའོ་ཚི་ཧྥེ་ཨར་ཐི་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་ཚོས་ཨ་མེ་རི་ཁ་དང་མཉམ་དུ་ཀི་ལིན་ལན་གླིང་ཕྲན་གྱི་དུས་ཡུན་རིང་བོའི་བདེ་འཇགས་ལ་ཇི་ལྟར་འགན་སྲུང་བྱེད་པའི་ཐད་ནས་ལྷག་བསམ་རྣམ་དག་དང་འཛུགས་སྐྲུན་ལྡན་པའི་གྲོས་མོལ་བྱས་ཡོད། ཏན་མག་གིས་བལྟས་ན། ཀི་ལིན་ལན་གླིང་ཕྲན་གྱི་དུས་ཡུན་རིང་བོའི་བདེ་འཇགས་དེར་ད་ལྟའི་སྒྲོམ་གཞི་སྟེ། 1951ལོར་ཨ་མེ་རི་ཁ་དང་ཏན་མག་གིས་བཀོད་པའི་ཀི་ལིན་ལན་གླིང་ཕྲན་གྱི་འགོག་སྲུང་གི་གྲོས་མཐུན་དང་བྱང་ཆིངས་རྩ་འཛུགས་ཀྱི་ཆིངས་ཡིག་གི་སྒྲོམ་གཞིའི་ནང་འགན་སྲུང་ཐོབ་ཐུབ་པར་འདོད།

ལཱ་སི་མུའུ་སིན་གྱིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་ཀི་ལིན་ལན་གླིང་ཕྲན་ཉོ་བསྡུ་བྱེད་པར་དགོས་པ་གཏན་ནས་མེད་པ་དང་། ཏན་མག་དང་ཨ་མེ་རི་ཁའི་བར་དུས་ཡུན་རིང་བོའི་གཏན་འཇགས་ཀྱི་ཕྱི་ཕྱོགས་འབྲེལ་བ་ཡོད་ལ། ཐེངས་འདིའི་གྲོས་མོལ་ལས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་ཐུབ་པར་རེ་བཞིན་ཡོད་ཟེར།

ཁོས་བསྟན་དོན། མཐོ་རིམ་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ཏེ་གཙོ་བོ་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་སེམས་ཁུར་མེད་པར་གཏོང་བ་དང་དེའི་ཞོར་དུ་ཏན་མག་གི་མ་མཐའི་ཚད་མཐར་བརྩི་འཇོག་བྱེད་པར་གྲོས་བསྡུར་བྱེད་དགོས་ལ། ཚོད་དཔག་བྱས་ན་བྱ་བའི་ཚན་ཆུང་གིས་གཟའ་འཁོར་འགའི་ནང་གྲོས་ཚོགས་ཐོག་མ་སྤེལ་རྒྱུ་ཡིན་ཟེར།

མའོ་ཚི་ཧྥེ་ཨར་ཐི་ཡིས་བསྟན་དོན། ཨ་མེ་རི་ཁའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གལ་འགངས་ཆེ་ཡང་། ང་ཚོ་ཨ་མེ་རི་ཁས་ཚོད་འཛིན་ཐེབས་མི་རུང་། ང་ཚོ་ནི་མནའ་མཐུན་ཡིན་པའི་ཆ་ནས་ཇི་ལྟར་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དེ་ང་ཚོ་མི་ཚང་མའི་ཁེ་ཕན་དང་འཚམ་ཟེར།

ཉིན་དེའི་སྔ་དྲོར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ། ཨ་མེ་རི་ཁར་ཀི་ལིན་ལན་གླིང་ཕྲན་ཐོབ་དགོས་པའི་བསམ་ཚུལ་ཡང་བསྐྱར་བསྟན་པར་མ་ཟད། ཨ་མེ་རི་ཁས་འཛུགས་སྐྲུན་བྱེད་བཞིན་པའི་འཕུར་མདའི་འགོག་སྲུང་མ་ལག་དེ་གལ་འགངས་ཆེ། གལ་ཏེ་ཀི་ལིན་ལན་གླིང་ཕྲན་དེ་ཨ་མེ་རི་ཁའི་ལག་ཏུ་ཡོད་ན། བྱང་ཆིངས་རྩ་འཛུགས་དེ་སྔར་ལས་སྟོབས་ལྡན་དང་ནུས་པ་ཅན་དུ་འགྱུར་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།