
དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས15ཉིན་ཉེ་སྔོན་དབྱི་ལིང་ནས་བྱུང་བའི་ཟིང་འཁྲུག་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་འཕྲིན་ཡིག་བསྐུར་ནས། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ངན་སྐུལ་དང་འཇིགས་སྐུལ་རང་བཞིན་གྱི་གཏམ་བཤད་སྤེལ་བར་རྒོལ་གཏམ་བཏང་།
དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་ལཱ་ཀི་ཆི་ཡིས་འཕྲིན་ཡིག་ལས་བཤད་རྒྱུར། ཉེ་སྔོན་དབྱི་ལིང་གི་ས་ཁུལ་མང་བོར་ཟིང་འཁྲུག་བྱུང་བ་ནི་འཇིགས་སྐུལ་ཉེས་ཅན་གྱིས་སྐབས་དང་བསྟུན་ནས་མང་ཚོགས་ཀྱིས་དཔལ་འབྱོར་གནད་དོན་ཐད་ནས་སྤེལ་བའི་ཞི་བའི་ངོ་རྒོལ་བྱ་འགུལ་དེ་དྲག་ཆས་ཟིང་འཁྲུག་ཏུ་བསྒྱུར་བ་རེད་ཟེར།
ཨ་ལཱ་ཀི་ཆི་ཡིས་བསྟན་དོན། ཨ་མེ་རི་ཁའི་སྔོན་ཆད་དང་ད་ལྟའི་དཔོན་རིགས་ཀྱིས་སྤེལ་བའི་འགན་མི་ཁུར་བའི་དཀྲུག་འཕེན་རང་བཞིན་གྱི་གཏམ་བཤད་ལས་དབྱི་ལིང་མངའ་ཁོངས་ཀྱི་དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལ་ཐད་ཀར་དུ་ངན་སྐུལ་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱུན་ཆད་མེད་པར་དྲག་ཤུགས་བཀོལ་བའི་འཇིགས་སྐུལ་བྱས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་འགལ་ཡོད་ཟེར།
ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟིང་འཁྲུག་གི་སྐབས་སུ་བྱུང་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་གང་རུང་དང་། དབྱི་ལིང་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། རྒྱལ་ཁབ་ཀྱི་ཁེ་ཕན་བཅས་ལ་གནོད་པའི་ཕྱི་ཕྱོགས་ཀྱི་ཐེ་གཏོགས་གང་རུང་ལ་རྒོལ་གཏམ་གཏོང་དགོས་པའི་སྐུལ་མ་བཏང་།
ཨ་ལཱ་ཀི་ཆི་ཡིས་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཅིང་། ཨ་མེ་རི་ཁས་ཞི་བའི་ངོ་རྒོལ་བྱ་འགུལ་བེད་སྤྱད་ནས་ཆབ་སྲིད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་ལས་མིག་སྔའི་གནས་བབ་འདི་འདྲ་བྱུང་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།