
དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉིན་དེར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཡེ་ཨར་མཱེ་ཁི་པཱ་ཡེ་ཧྥུའུ་ལ་ཁ་པར་བཏང་སྟེ། ས་ཁུལ་གྱི་གནས་བབ་དང་རྒྱལ་སྤྱིའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ཡེ་ཨར་མཱེ་ཁི་པཱ་ཡེ་ཧྥུའུ་ཡིས་ཉེ་སྔོན་ཏི་ཧེ་ལན་དང་དབྱི་ལིང་གི་གྲོང་ཁྱེར་གཞན་པ་ནས་བྱུང་བའི་འཇིགས་སྐུལ་རིང་ལུགས་དང་གཏོར་བརླག་བྱ་འགུལ་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་ལིང་སྲིད་གཞུང་དང་མི་དམངས། དེ་མིན་ཟིང་འཁྲུག་ཁྲོད་ཀྱི་འདས་པའི་ཁྱིམ་མི་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།
གསལ་སྒྲོག་ལས་བཤད་རྒྱུར། ཨ་ལཱ་ཀི་ཆི་ཡིས་དབྱི་ལིང་གི་ཉེ་སྔོན་གྱི་གནས་བབ་མཚམས་སྦྱོར་བྱས་པ་དང་། དབྱི་ལིང་གིས་ནུས་པ་ཡོད་ཚད་བཏོན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། དབྱི་སི་རལ་དང་ཨ་མེ་རི་ཁས་རྒྱབ་སྐྱོར་བྱེད་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་ལཱ་ཀི་ཆི་ཡིས་ཡེ་ཨར་མཱེ་ཁི་པཱ་ཡེ་ཧྥུའུ་ཡིས་འཇིགས་སྐུལ་རིང་ལུགས་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པའི་ཐད་ཀྱི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས། ཡེ་ཨར་མཱེ་ཁི་པཱ་ཡེ་ཧྥུའུ་ཡིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཐུན་མོང་ལངས་ཕྱོགས་ཏེ། ཕན་ཚུན་གྱི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་གཉིས་ཕན། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། དྲག་ཤུགས་མི་བཀོལ་བ་དང་དྲག་ཤུགས་བཀོལ་བའི་འཇིགས་སྐུལ་མི་བྱེད་པའི་རྩ་དོན་ནི་རྒྱལ་སྤྱིའི་འབྲེལ་བའི་གཏན་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་བསྐྱར་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།