ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས15ཉིན་དབྱི་ལིང་གི་མི་སྒེར་དང་ཚོགས་པ། དེ་མིན་དབྱི་ལིང་ལ་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་ཀུང་ཟི་མང་བོར་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། བཀག་སྡོམ་ཐེབས་མཁན་གྱི་གྲས་སུ་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལཱ་ལི་ཅཱ་ནེ་འདུས་ཡོད་ཟེར།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་དྲ་ཚིགས་ཀྱིས་ཉིན་དེར་དབྱི་ལིང་གི་བཀག་སྡོམ་ཐེབས་པའི་མི་སྣ་དང་ཚོགས་པའི་མིང་ཐོ་གསར་བསྒྱུར་བྱས་ཏེ། མི་སྒེར11དང་ཚོགས་པ13ཁ་སྣོན་བྱས། ལཱ་ལི་ཅཱ་ནེ་ལས་གཞན་དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གི་ལོ་ལོས་སི་ཐན་ཞིང་ཆེན་དང་ཧྥ་རན་སི་ཞིང་ཆེན་གྱི་བཀོད་འདོམ་དཔོན་པོ་ཡང་བཀག་སྡོམ་གྱི་མིང་ཐོའི་ཁྲོད་དུ་བཞུགས་ཡོད།

ཉེ་སྔོན་དབྱི་ལིང་གི་ས་ཁུལ་མང་བོར་དངོས་པོའི་རིན་གོང་ཇེ་མཐོར་འགྲོ་བ་དང་དངུལ་ལོར་རིན་ཐང་ཇེ་དམའ་རུ་སོང་བར་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། དེའི་སྐབས་སུ་ཟིང་འཁྲུག་བྱུང་ནས་བདེ་འཇགས་མི་སྣ་དང་མང་ཚོགས་ལ་ཤི་རྨས་བཟོས་ཡོད། བསྟུད་མར་ཉིན་འགའི་རིང་ལ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཐེངས་མང་བོར་དམག་དོན་ལ་བརྟེན་ནས་དབྱི་ལིང་གི་གནས་བབ་ལ་ཐེ་གཏོགས་བྱེད་རྒྱུའི་འཇིགས་སྐུལ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།