དབྱི་རག་དམག་ཕྱོགས་ཀྱིས་རྒྱལ་ཁབ་གང་རུང་གིས་རང་གི་ས་ཁོངས་དང་མཁའ་ཁོངས་བཀོལ་ནས་དམག་དོན་འགུལ་སྐྱོད་སྤེལ་དུ་འཇུག་མི་སྲིད་པའི་ཚུལ་བསྟན།
ཁུངས། ཀློག་གྲངས།

​དབྱི་རག་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་མགྲིན་ཚབ་པ་ནོའུ་མན་གྱིས་ཚེས15ཉིན་བཤད་རྒྱུར། དབྱི་རག་གི་ས་ཁོངས་དང་མཁའ་ཁོངས། མཚོ་ཁོངས་བཅས་བེད་སྤྱད་དེ་རྒྱལ་ཁབ་གཞན་པར་དམག་དོན་འགུལ་སྐྱོད་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་རང་ཚོད་བཟུང་ནས། གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ནོའུ་མན་གྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། མིག་སྔའི་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་བྱུང་བར་དམིགས་ནས། དབྱི་རག་གིས་ལངས་ཕྱོགས་དེ་བསྐྱར་བསྒྲགས་བྱས་པ་ནི་རྩ་ཁྲིམས་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་ཏེ་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་དང་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་རྨང་གཞིར་བྱས་པ་ཡིན་ལ། དབྱི་རག་གིས་ཕྱོགས་ཡོངས་ནས་རང་གི་མངའ་ཁོངས་བེད་སྤྱད་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དབྱི་རག་སྲིད་གཞུང་གིས་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་ཞིང་། གྲོས་མོལ་ལ་བསམ་བློ་བཏང་སྟེ་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གཞིར་བཟུང་སྟེ། ཞི་བདེ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱས་ནས། ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་དང་ཟང་ཟིང་དུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྟུད་མར་ཉིན་འགའི་རིང་ལ། ཨ་མེ་རི་ཁས་དབྱི་ལིང་ནང་ཁུལ་དུ་ཟིང་འཁྲུག་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། དབྱི་ལིང་ལ་དམག་དོན་ཐེ་གཏོགས་བྱེད་རྒྱུའི་འཇིགས་སྐུལ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།