
ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་ཚེས15ཉིན་བཤད་རྒྱུར། ཐུར་ཁེ་ཡིས་དབྱི་ལིང་ལ་དམིགས་པའི་དམག་དོན་འགུལ་སྐྱོད་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། གྲོས་མོལ་ལ་བརྟེན་ནས་མིག་སྔའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
ཧྥེ་ཏན་གྱིས་དབྱི་སི་ཐན་པོར་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་པས། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཐད་ཀར་གྲོས་མོལ་བྱེད་པའམ་འདུམ་འགྲིག་པ་བརྒྱུད་དེ་ཞི་བའི་སྒོ་ནས་མིག་སྔའི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། དབྱི་ལིང་གིས་ནང་ཁུལ་གྱི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ནས། དཔལ་འབྱོར་དཀའ་ཁག་བྱུང་བའི་རྒྱུ་རྐྱེན་ངོ་མ་དེ་སེལ་དགོས་ཟེར།
ཧྥེ་ཏན་གྱིས་བསྟན་དོན། ཐུར་ཁེ་ཡིས་མུ་མཐུད་དུ་ཁ་པར་བརྒྱུད་དེ་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། འབྲེལ་ཡོད་གནས་བབ་ཀྱི་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།