
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་སྲིད་འཛིན་ཨ་པཱ་སི་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་གྱི་གཏམ་བཤད་ཅིག་ལས་བསྟན་དོན། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་འདེམ་བསྐོའི་བྱ་འགུལ་ལ་གྲ་སྒྲིག་བྱེད་ཆེད། མིག་སྔར་གནས་སྐབས་རྩ་ཁྲིམས་དང་སྲིད་ཏང་བཅའ་ཁྲིམས་རྩོམ་འབྲི་བྱེད་བཞིན་ཡོད་ཟེར།
ཨ་པཱ་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་རྒྱལ་ཁབ་ལ་གཅིག་གྱུར་གྱི་ལམ་ལུགས་དང་བཅའ་ཁྲིམས། གཅིག་གྱུར་གྱི་ཁྲིམས་མཐུན་དྲག་ཆས་སྟོབས་ཤུགས་ཡོད་ལ། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱིས་ཅཱ་ཧྲ་ས་ཁུལ་བཅོས་སྐྱོང་བྱེད་པའི་ལག་རྩལ་དཔོན་རིགས་ཨུ་ཡོན་ལྷན་ཁང་འཛུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཁོས་ངེས་པར་དུ་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གྱི་ལས་ཁུངས་སོ་སོ་མཉམ་འབྲེལ་བྱས་ཏེ། སྲིད་འཛིན་དང་ཁྲིམས་འཛིན། བདེ་འཇགས་བཅས་ཀྱི་མ་ལག་བརྩེགས་མ་བྱུང་ནས་ཁ་བྲལ་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར།
ཨ་པཱ་སི་ཡིས་བཤད་རྒྱུར། ཞི་བའི་མང་ཚོགས་ཀྱི་ངོ་རྒོལ་འགུལ་སྐྱོད་དང་། ཆབ་སྲིད་དང་ཕྱི་འབྲེལ། བཅའ་ཁྲིམས་བཅས་ལ་འབྲེལ་བའི་འགུལ་སྐྱོད་ནི་སྔར་བཞིན་དབྱི་སི་རལ་གྱི་བཙན་བཟུང་མཇུག་སྒྲིལ་དུ་འཇུག་པའི་འཐབ་ཇུས་གདམ་གསེས་ཡིན་ཟེར།
ཨ་པཱ་སི་ཡིས2025ལོའི་ཟླ11པར་ཧྥ་རན་སི་རུ་འཚམས་འདྲི་བྱེད་སྐབས་བསྟན་དོན། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་བཅོས་བསྒྱུར་དམ་བཅས་བརྩི་སྲུང་བྱེད་རྒྱུ་ཡིན་པ་དང་། ཕཱ་ལེ་སི་ཐན་གྱི་རྩ་ཁྲིམས་དང་འདེམ་བསྐོའི་བཅའ་ཁྲིམས། སྲིད་ཏང་བཅའ་ཁྲིམས་བཅས་ཀྱི་རྩོམ་འབྲིའི་བྱ་བ་མཇུག་སྒྲིལ་ལ་ཉེ་བ་དང་། ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་མཇུག་སྒྲིལ་རྗེས་སྲིད་འཛིན་གྱི་འདེམ་བསྐོ་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།