
ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཚབ་མ་ལོ་ཏི་ལི་ཀི་སི་ཡིས་ཚེས15ཉིན་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྡོ་སྣུམ་ལས་རིགས་ཀྱི་བཅོས་བསྒྱུར་ཇུས་གཞིར་ཆོག་མཆན་བཀོད་དེ། སྔར་ལས་མང་བའི་ཕྱི་དངུལ་ནང་འགུག་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
ལོ་ཏི་ལི་ཀི་སི་ཡིས་ རྒྱལ་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་ལ་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། འབྲེལ་ཡོད་བཅོས་བསྒྱུར་དེ་རྡོ་སྣུམ་ལས་རིགས་ཀྱི་ལས་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པར་ཕན་ཐོགས་ཡོད་ལ། ཕྱི་ཕྱོགས་བར་གྱི་མཉམ་ལས་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་ཟེར།
ཁོས་མོས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་ཡིས་ན་ནིང་ཟླ12པའི་རྡོ་སྣུམ་ཐོན་ཚད་ཟོ་ས་ཡ་གཅིག་དང་འབུམ་གཉིས་ལ་བསླེབས་ཡོད། རྡོ་སྣུམ་ཕྱིར་གཏོང་གི་ཡོང་འབབ་དེ་གཙོ་བོ་སྤྱི་བའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞིར་སྐུལ་འདེད་གཏོང་བའི་ཐད་བཀོལ་རྒྱུ་ཡིན་ཟེར།
ལོ་ཏི་ལི་ཀི་སི་ཡིས་ད་རུང་བསྟན་དོན། མིག་སྔར་ཝེ་ནེ་ཙུའེ་ལཱ་དཀྱོགས་མཚམས་དུས་རིམ་གལ་ཆེན་དུ་གནས་ཡོད་པ་དང་། སྲིད་གཞུང་གིས་དངོས་གཉེར་དང་སྣ་མང་གི་ཕྱི་ཕྱོགས་འགྲོ་འོང་བྱེད་ཐབས་སྔར་ལས་མང་བོ་འཚོལ་ཞིབ་བྱེད་བྱེད་རྒྱུ་ཡིན། ཝེ་ནེ་ཙུའེ་ལཱ་ཕྱི་ཕྱོགས་གྲོས་མོལ་ལ་གཡོལ་མི་རུང་བ་དང་། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཨ་མེ་རི་ཁ་དང་བཅས་པའི་ཕྱོགས་སོ་སོའི་བར་གྱི་འབྲེལ་བ་ཐག་གཅོད་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།