ཝུའུ་ཁི་ལན་དང་ཨ་མེ་རི་ཁས་གཟའ་མཇུག་ཏུ་མེད་ཨ་མུས་ནས་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨ་མེ་རི་ཁར་སྡོད་པའི་ཝུའུ་ཁི་ལན་གྱི་གཞུང་ཚབ་ཆེན་མོ་སི་ཐི་ཧྥན་ནེ་ཞི་ནཱ་ཡིས་ཚེས16ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས17ཉིན་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེའི་མེད་ཨ་མུས་གྲོང་ཁྱེར་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་ནས། ཨ་མེ་རི་ཁའི་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་གྲོས་མཐུན་དང་ཝུའུ་ཁི་ལན་གྱི་དཔལ་འབྱོར་དར་རྒྱས་གྲོས་མཐུན་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཟེར།

སི་ཐི་ཧྥན་ནེ་ཞི་ནཱ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མིར་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་དང་། སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་པུའུ་ཏཱ་ནོའུ་ཧྥུའུ། སྲིད་འཛིན་ཏང་གི་མི་དམངས་གཞུང་ཞབས་པའི་ཏང་གྲོས་ཁང་ཏང་ཚོགས་ཀྱི་ཀྲུའུ་ཞི་ཨ་ལཱ་ཧཱ་མུས་ཡཱ་བཅས་ཡོད་ཟེར། ཁོ་མོས་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མི་སུ་ཡིན་གསལ་བོར་གླེང་མེད།

སི་ཐི་ཧྥ་ནེ་ཞི་ནཱ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འགོ་ཁྲིད་པས་གཟའ་འཁོར་རྗེས་མར་སུའེ་ཙེར་གྱི་ཏཱ་བོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྐབས་སུ་འགོད་རྩིས་ཡོད་པའི་གྲོས་གཞི་གལ་ཆེན་གཉིས་ཏེ་ཨ་མེ་རི་ཁའི་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་གྲོས་མཐུན་དང་ཝུའུ་ཁི་ལན་གྱི་དཔལ་འབྱོར་དར་རྒྱས་གྲོས་མཐུན་འཐུས་ཚང་དུ་གཏོང་ཆེད་ཡིན་ཟེར།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཐེངས་འདིར་འཐུས་ཚབ་ཚོགས་པ་ཨ་མེ་རི་ཁར་མངགས་ནས། གོང་སྨྲས་ཀྱི་གྲོས་མཐུན་དེ་གཉིས་དང་ཡང་ན་ཨུ་རུ་སིའི་ཕྱོགས་དང་འབྲེལ་བའི་ཕྱི་འབྲེལ་གྱི་གནས་ཚུལ་ཐད་ནས་བརྡ་སྔར་ལས་གསལ་བོ་ཞིག་འབྱོར་བར་རེ་བཞིན་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་གྲོས་མོལ་ནས་ཨ་མེ་རི་ཁའི་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་གྲོས་མཐུན་དང་ཝུའུ་ཁི་ལན་གྱི་དཔལ་འབྱོར་དར་རྒྱས་གྲོས་མཐུན་གཏན་འཁེལ་བྱེད་ཐུབ་ཚེ། ཁོ་དང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཀྱིས་ཏཱ་བོ་སི་ནས་གྲོས་མཐུན་དེ་གཉིས་འགོད་པར་རེ་བ་ཆེན་པོ་ཡོད་ཀྱང་། དེའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་དུས་གཏན་གྱི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་དང་ཝུའུ་ཁི་ལན་ཕྱོགས་ལ་དོན་དངོས་ཀྱི་དངུལ་ལོར་རྒྱབ་སྐྱོར་ཐོབ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།