དབྱི་ལིང་གི་སྲིད་འཛིན་དང་ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་ལིང་གི་སྲིད་འཛིན་བཞུགས་ཤག་གིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེའི་ཕྱི་དྲོར་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱས་ཏེ། ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་དང་། ཁྱད་པར་དུ་དབྱི་ལིང་ནས་ཉེ་སྔོན་བྱུང་བའི་དོན་རྐྱེན་དང་། དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད་གྲོས་བསྡུར་བྱས་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་སི་རལ། ཡོ་རོབ་གླིང་གི་རྒྱལ་ཁབ་རེ་འགའ་བཅས་ཐད་ཀར་དུ་དབྱི་ལིང་གི་ཉེ་སྔོན་གྱི་དོན་རྐྱེན་ནང་ཞུགས་ཡོད་ཟེར། ཁོས་བསྟན་དོན། དབྱི་ལིང་སྲིད་གཞུང་གིས་བསྒྲུབས་པའི་བྱ་བ་ཡོད་ཚད་མང་ཚོགས་ཀྱི་རེ་འདོད་ལ་ཉན་པ་དང་། གཉའ་གནོན་རང་བཞིན་གྱི་བཀག་སྡོམ་ལས་བྱུང་བའི་གནད་དོན་ཇེ་ཉུང་དུ་གཏོང་ཆེད་ཡིན་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་དབྱི་ལིང་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་། འགྲིམ་འགྲུལ། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གླེང་སྐབས། ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། གནད་དོན་ཅི་ཡང་བྱུང་མེད་ཟེར།

དབྱི་ལིང་གི་སྲིད་འཛིན་བཞུགས་ཤག་གི་གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་དང་དབྱི་ལིང་མི་དམངས་ལ་འཚམས་འདྲི་བྱས་པ་དང་། ཁོས་ཉེས་ཅན་དག་གིས་སྲིད་གཞུང་དང་སྤྱིའམ་ཆོས་ལུགས་ཀྱི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་། ཕྱི་རྒྱལ་གྱི་རྒྱབ་སྐྱོར་འོག་བདེ་འཇགས་དང་ཁྲིམས་བསྟར་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། དབྱི་ལིང་སྲིད་གཞུང་གིས་དཔལ་འབྱོར་ཁྱབ་ཁོངས་ཀྱི་བྱེད་ཐབས་ལས་དཔལ་འབྱོར་གནས་ཚུལ་ལེགས་བསྒྱུར་བྱེད་ཐུབ་པར་རེ་བས་ཁེངས་ཡོད། དེའི་ཞོར་དུ་ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་ཚོགས་ར་ནས་ཧུར་ཐག་སྒོས་དབྱི་ལིང་གི་ལངས་ཕྱོགས་རྒྱས་བཤད་བྱས་ཏེ། ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།