
ཨ་མེ་རི་ཁའི་ཀི་ལིན་ལན་གླིང་ཕྲན་གྱི་ཆེད་མངག་ཕོ་ཉ་ལན་ཏི་ལི་ཡིས་ཚེས16ཉིན་བསྟན་དོན། ཁོས་ད་ལོའི་ཟླ3པར་ཀི་ལིན་ལན་གླིང་ཕྲན་དུ་འཚམས་འདྲི་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། སྐབས་ཐོག་དེར་གྲོས་མཐུན་ཞིག་འགོད་ཐུབ་པར་ཡིད་ཆེས་ཡོད་ཟེར།
ལན་ཏི་ལི་ཡིས་ཚེས16ཉིན་ཨ་མེ་རི་ཁའི་ཧྥུའུ་ཁི་སི་གསར་འགྱུར་དྲ་ཚིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འབྲེལ་ཡོད་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ཕྱོགས་གཉིས་ཀྱི་གྲོས་མཐུན་ཞིག་ངེས་པར་དུ་འགོད་ཐུབ་ངེས་རེད་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་ཀི་ལིན་ལན་གླིང་ཕྲན་གནད་དོན་ཐད་ཀྱི་ལངས་ཕྱོགས་གཟབ་ནན་ཡིན་པར་མ་ཟད་ཏན་མག་ཕྱོགས་ལ་ཨ་མེ་རི་ཁའི་རེ་འདུན་གསལ་བོར་བསྟན་ཡོད་ཟེར།
ཐི་ལིང་ཕུའུ་ཡིས2025ལོའི་ཟླ12པའི་ཚེས21ཉིན་ལན་ཏི་ལི་ཨ་མེ་རི་ཁའི་ཀི་ལིན་ལན་གླིང་ཕྲན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས།
ཀི་ལིན་ལན་གླིང་ཕྲན་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་གླིང་ཕྲན་ཞིག་ཡིན་པ་དང་། ཏན་མག་གི་རང་སྐྱོང་ས་ཁུལ་ཞིག་ཡིན་ལ་ཚད་མཐོའི་རང་སྐྱོང་དབང་ཆ་ལྡན། ས་དེའི་རྒྱལ་སྲུང་དང་ཕྱི་འབྲེལ་ལས་དོན་དེ་ཏན་མག་སྲིད་གཞུང་གིས་བདག་དམ་བྱེད་བཞིན་ཡོད། ཨ་མེ་རི་ཁས་མིག་སྔར་ཀི་ལིན་ལན་གླིང་ཕྲན་དུ་དམག་དོན་རྟེན་གཞི་གཅིག་བཙུགས་ཡོད། ཐི་ལིང་ཕུའུ་ཡིས་ཐེངས་མང་བོར་ཀི་ལིན་ལན་གླིང་ཕྲན་དགོས་པའི་ཚུལ་བསྟན་པ་དང་། དྲག་ཤུགས་སྤྱོད་སྲིད་པའི་ཚུལ་བསྟན། དོན་དེའི་ཐད་ནས་ཏན་མག་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ངོ་རྒོལ་དྲག་པོ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།