
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས17ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དབྱི་ལིང་གནོད་པ་དང་ཤི་རྨས་ཐེབས་སུ་བཅུག་པར་མ་ཟད། དབྱི་ལིང་མི་རིགས་ལ་སྐྱོན་འཛུགས་བྱེད་བཞིན་ཡོད་པས་ནག་ཉེས་སུ་བསམ་བཞིན་ཡོད་ཟེར།
བསྒྲགས་པ་ལྟར་ན། ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་དབྱི་ལིང་གི་མང་ཚོགས་སྟོང་ཕྲག་འགར་ཐུག་འཕྲད་བྱེད་སྐབས་གོང་གི་གཏམ་བཤད་དེ་སྤེལ་བ་རེད། ཧཱ་མཱེ་ནེ་དབྱེ་ཡིས་ད་རུང་དབྱི་ལིང་གི་ཉེ་སྔོན་གྱི་ཟིང་འཁྲུག་གི་ངོ་བོ་དང་བྱེད་ཐབས། དེ་མིན་དབྱི་ལིང་མི་དམངས་ཀྱི་གཡོ་ཇུས་ལ་གདོང་གཏོད་པའི་འགན་འཁྲི་བཅས་རྒྱས་བཤད་བྱས།
ཉེ་སྔོན། དབྱི་ལིང་གི་ས་ཁུལ་མང་བོར་དངོས་གོང་ཇེ་མཐོར་སོང་བ་དང་དངུལ་ལོར་གྱི་རིན་ཐང་ཉམས་པར་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ། དེའི་སྐབས་སུ་ཟིང་འཁྲུག་བྱུང་ནས་བདེ་འཇགས་མི་སྣ་དང་མང་ཚོགས་ལ་ཤི་རྨས་ཐེབས།
བསོད་ནམས་ཚེ་རིང་གིས་བསྒྱུར།