ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱས་པ་དང་དབྱི་རག་གིས་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་ཕྱོགས་ཡོངས་ནས་བདག་དམ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་རག་རྒྱལ་སྲུང་པུའུ་ཡིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་དུ་ཡོད་པའི་ཨ་སཱ་ཏི་མཁའ་དམག་རྟེན་གཞི་ནས་དམག་མི་ཡོད་ཚད་ཕྱིར་འཐེན་བྱས་པ་དང་། དབྱི་རག་དམག་ཕྱོགས་ཀྱིས་རྟེན་གཞི་དེར་ཕྱོགས་ཡོངས་ནས་བདག་དམ་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་མི་ཕྱིར་འཐེན་བྱས་པ་དང་དབྱི་རག་དམག་དཔུང་གིས་བདག་དམ་བྱས་རྗེས། དབྱི་རག་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཡཱ་ལཱ་ལཱ་ཡིས་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་རྟོག་ཞིབ་བྱས། རྟེན་གཞི་དེའི་གལ་ཆེན་རང་བཞིན་ལ་དམིགས་ནས་ཡཱ་ལཱ་ལཱ་ཡིས་བཅའ་སྡོད་དམག་དཔུང་སོ་སོའི་བར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྟེན་གཞིའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན།

ཨ་སཱ་ཏི་རྟེན་གཞི་ནི་དབྱི་རག་གི་མཁའ་དམག་རྟེན་གཞི་ཆེན་པོ་ཨང་གཉིས་པ་ཡིན་པ་དང་། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་དབྱི་རག་ཏུ་བཅའ་སྡོད་བྱེད་པའི་རྟེན་གཞི་གཙོ་བོ་ཞིག་ཀྱང་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།