
ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཁྱབ་བསྒྲགས་བྱས་པའི་ཅཱ་ཧྲ་ས་ཁུལ་གྱི་ཞི་བདེ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་དེ་དབྱི་སི་རལ་གྱི་ཚད་གཞི་དང་ཡོངས་སུ་འཚམ་པ་དང་། དབྱི་སི་རལ་ཕྱོགས་ཀྱི་ཁེ་ཕན་ལ་ཞབས་ཞུ་བྱེད་བཞིན་ཡོད་པ་ནི་ཧ་ལས་དགོས་པའི་དོན་ཅིག་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཅེ་ཧཱ་ཏི་ཡིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་མཐུན་གྱི་དོན་ཚན་ལག་བསྟར་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། དབྱི་སི་རལ་ཕྱོགས་ཀྱིས་དུས་ཚོད་འགོར་འགྱངས་དང་གྲོས་མཐུན་ལ་འགལ་བའི་བྱ་སྤྱོད་མུ་མཐུད་དུ་སྤེལ་བའི་གནས་ཚུལ་འོག སྔར་བཞིན་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་གཉིས་པའི་གྲོས་མཐུན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བར་གྲ་སྒྲིག་བྱེད་བཞིན་ཡོད། ཡིན་ཡང་ཞི་བདེ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་ནས་འབྲེལ་ཡོད་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པའི་ཐད་བསམ་ངན་བཅངས་ཡོད་པ་མངོན་གསལ་རེད་ཟེར།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་གཙོ་བྱས་པའི་ཞི་བདེ་ཨུ་ཡོན་ལྷན་ཁང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཀྲུའུ་ཞིའི་འགན་ཁུར་བ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་ཐི་ལིང་ཕུའུ་ཡི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ། ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ། དེ་མིན་དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་པུའུ་ལའེ་ཨར་སོགས་མི་བདུན་ནི་སྲོལ་འབྱེད་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།