ཐི་ལིང་ཕུའུ་ཡིས་ཡོ་རོབ་གླིང་གི་རྒྱལ་ཁབ་བརྒྱད་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས17ཉིན་དྲ་ཚིགས་བརྒྱུད་དེ། ཨ་མེ་རི་ཁས་ཟླ2པའི་ཚེས1ཉིན་ནས་བཟུང་ཏན་མག་དང་ནོར་ཝེ། སུའེ་ཏེན། ཧྥ་རན་སི། འཇར་མན། དབྱིན་ཇི། ཧི་ལན། ཧྥུན་ལན་བཅས་ཀྱིས་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པའི་ཚོང་རྫས་ལ་བརྒྱ་ཆའི་བཅུའི་སྒོ་ཁྲལ་བསྡུ་རྒྱུ་ཁྱབ་བསྒྲགས་བྱས།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། སྒོ་ཁྲལ་ཁ་སྣོན་བྱེད་ཚད་དེ་ཟླ6པའི་ཚེས1ཉིན་ནས་བཟུང་བརྒྱ་ཆའི་ཉེར་ལྔར་ཇེ་མཐོར་བཏང་ནས། འབྲེལ་ཡོད་ཕྱོགས་ཀྱིས་ཨ་མེ་རི་ཁས་ཀི་ལིན་ལན་གླིང་ཕྲན་ཕྱོགས་ཡོངས་ནས་ཉོ་བསྡུ་བྱེད་པའི་གྲོས་མཐུན་འགོད་རག་བར་བསྡུ་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁས་མྱུར་མོར་གོང་སྨྲས་ཀྱི་ཡོ་རོབ་གླིང་གི་རྒྱལ་ཁབ8བར་གྲོས་མོལ་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། གོང་གི་རྒྱལ་ཁབ་བརྒྱད་ཀྱི་མི་སྣ་དག་ཀི་ལིན་ལན་གླིང་ཕྲན་དུ་འགྲོ་བའི་དམིགས་ཡུལ་གསལ་བོར་མི་ཤེས་ཟེར། ཁོས་རྒྱལ་ཁབ་དེ་དག་གིས་ཉེན་ཁ་ཧ་ཅང་ཆེ་བའི་རོལ་རྩེད་ཅིག་རྩེ་བཞིན་ཡོད་པའི་ཉེན་བརྡ་བཏང་། གོ་ལ་ཧྲིལ་བོའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། མི་མངོན་པའི་ཉེན་ཁ་དེ་མྱུར་དུ་བཅོས་བསྒྱུར་བྱེད་པའི་དགོས་གལ་ཧ་ཅང་ཅེ་ཟེར།

ཉེ་སྔོན། ནོར་ཝེ་དང་སུའེ་ཏེན། ཧྥ་རན་སི། འཇར་མན། དབྱིན་ཇི། ཧི་ལན། ཧྥན་ལན་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ཀི་ལིན་ལན་གླིང་ཕྲན་ལ་དམག་མི་མངག་ནས། ཏན་མག་གིས་གླིང་ཕྲན་དེ་ནས་སྤེལ་བའི་གླིང་སྣེ་བྱང་མའི་བསྲན་ཤུགས་ཞེས་པའི་དམག་དོན་སྦྱོང་བརྡར་ལ་ཞུགས་པ་རེད། དབྱེ་ཞིབ་མི་སྣས་བལྟས་ན། རྒྱལ་ཁབ་དེ་དག་གིས་ཨ་མེ་རི་ཁར་ཁོ་ཚོས་ཏན་མག་ལ་རྒྱབ་སྐྱོར་བྱེད་པའི་བརྡ་སྟོན་བཞིན་ཡོད་ཀྱང་། དམག་མི་མངག་པའི་གཞི་རྒྱ་ཧ་ཅང་ཆུང་བས་ཆབ་སྲིད་ཀྱི་རྣམ་འགྱུར་ཙམ་བསྟན་པ་ཡིན་པར་འདོད།

མིག་སྔའི་བར་དུ་ཕོ་བྲང་དཀར་པོས་ཐི་ལིང་ཕུའུ་ཡིས་གོང་གི་རྒྱལ་ཁབ་བརྒྱད་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པའི་ཐད་ནས་དངོས་གཞིའི་གསལ་སྒྲོག་དང་ཡིག་ཆ་གང་ཡང་སྤེལ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།