ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པས་ཨ་མེ་རི་ཁས་སྒོ་ཁྲལ་ཁ་སྣོན་བྱས་པ་ནི་ཉེན་ཁའི་སྣང་ཚུལ་མི་ལེགས་པ་ཞིག་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲག་བ། ཀློག་གྲངས།

​ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གཉིས་ཀྱིས་ཚེས17ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་ཕྱོགས་དྲ་ཚིགས་བརྒྱུད་དེ་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁས་ཁྱབ་བསྒྲགས་བྱས་པའི་སྒོ་ཁྲལ་ཁ་སྣོན་གྱི་བྱེད་ཐབས་ལས་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་འབྲེལ་བ་ཇེ་ཞན་དུ་གཏོང་སྲིད་པ་དང་། དེ་ལས་ཉེན་ཁའི་སྣང་ཚུལ་མི་ལེགས་པ་འབྱུང་སྲིད་ཟེར།

མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ཡིན་པ་དང་། ཡོ་རོབ་གླིང་དང་ཐ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་བོར་གལ་འགངས་ཧ་ཅང་ཆེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཏན་མག་དང་ཀི་ལིན་ལན་གླིང་ཕྲན་གྱི་མི་དམངས་དང་མཐུན་སྒྲིལ་གཅིག་གྱུར་བྱེད་བཞིན་ཡོད། ཏན་མག་དང་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱིས་མཐུན་སྦྱོར་བྱས་ནས་དམག་དོན་འགུལ་སྐྱོད་སྤེལ་བའི་དམིགས་ཡུལ་ནི་གླིང་སྣེ་བྱང་མའི་བདེ་འཇགས་ལ་ཤུགས་སྣོན་བྱེད་པ་ལས། རྒྱལ་ཁབ་གང་རུང་ལ་འཇིགས་ཉེན་ཐེབས་མི་སྲིད་ཟེར།

མཉམ་འབྲེལ་གསལ་སྒྲོག་ལས་གྲོས་མོལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། ཡོ་རོབ་གླིང་གིས་མཐུན་སྒྲིལ་དང་མཐུན་སྦྱོར་སྲུང་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་རང་གི་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།