ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུའི་འཇིགས་སྐུལ་དེ་དང་ལེན་བྱེད་ཐུབ་མེད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས17ཉིན་ཨ་མེ་རི་ཁས་ཀི་ལིན་ལན་གླིང་ཕྲན་ཐོབ་པར་ངོ་རྒོལ་བྱེད་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་རྗེས། འཇར་པན་དང་དབྱིན་ཇི། ཧྥ་རན་སི། ནོར་ཝེ། ཧྥུན་ལན། ཧི་ལན་སོགས་རྒྱལ་ཁབ་ཀྱིས་སྒོ་ཁྲལ་བསྡུ་བའི་འཇིགས་སྐུལ་དེ་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།

འཇར་པན་སྲིད་གཞུང་གི་མགྲིན་ཚབ་པ་ཁི་ནེ་ལིའུ་སི་ཡིས་ཚེས17ཉིན་སྲིད་གཞུང་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། འཇར་མན་སྲིད་གཞུང་གིས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཡོ་རོབ་གླིང་གི་རྒྱལ་ཁབ་བརྒྱད་ལ་སྒོ་ཁྲལ་ཁ་སྣོན་བྱེད་པའི་སྐོར་གྱི་གཏམ་བཤད་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། འཇར་མན་ཕྱོགས་ཀྱིས་ཡོ་རོབ་གླིང་གི་མཉམ་ལས་གྲོགས་པོའི་བར་གྲོས་མོལ་ཟབ་མོ་བྱས་ཏེ། མཉམ་དུ་རྒོལ་ལན་འོས་འཚམ་སྤྲོད་རྒྱུ་ཐག་གཅོད་བྱེད་བཞིན་ཡོད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་མནའ་འབྲེལ་གྲོགས་པོར་སྒོ་ཁྲལ་བསྡུ་ལེན་བྱེད་པའི་བྱེད་ཐབས་དེ་ནི་ནོར་འཆུག་གི་བྱ་སྤྱོད་ཅིག་ཡིན་པའི་ཚུལ་བསྟན། སི་ཐཱ་མའོ་ཡིས་བཤད་རྒྱུར། ཀི་ལིན་ལན་གླིང་ཕྲན་གྱི་ཐད་ནས་དབྱིན་ཇིའི་ལངས་ཕྱོགས་གསལ་བོ་ཡིན། གླིང་ཕྲན་དེ་ནི་ཏན་མག་རྒྱལ་ཁབ་ཀྱི་ཁག་ཅིག་ཡིན་པས། དེའི་མ་འོངས་པ་ཀི་ལིན་ལན་གླིང་ཕྲན་མི་དམངས་དང་ཏན་མག་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་ཟེར།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། སྒོ་ཁྲལ་གྱི་འཇིགས་སྐུལ་དེ་དང་ལེན་བྱེད་ཐབས་མེད་ལ། ཡོ་རོབ་གླིང་གིས་མཐུན་སྒྲིལ་བྱས་ནས་ངོ་རྒོལ་བྱེད་དགོས་ཟེར།

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་ཡིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བདག་དབང་དང་སྒེར་ཚུགས་ལ་སྲུང་སྐྱོབ་བྱེད་པར་འབད་བཞིན་ཡོད་པར་མ་ཟད། ཏན་མག་གིས་བདག་དབང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ཆེད་ཏན་མག་གིས་ཀི་ལིན་ལན་གླིང་ཕྲན་ནས་རྩ་འཛུགས་བྱས་པའི་དམག་དོན་སྦྱོང་བརྡར་ལ་ཞུགས་པ་ཡིན། ཀི་ལིན་ལན་གླིང་ཕྲན་དེ་གླིང་སྣེ་བྱང་མའི་བདེ་འཇགས་དང་ཡོ་རོབ་གླིང་གི་མཐའ་མཚམས་བདེ་འཇགས་ལ་འབྲེལ་བ་ཡོད་ཟེར། ཁོས་བཤད་རྒྱུར། ཡོ་རོབ་གླིང་གིས་མཐུན་སྒྲིག་གཅིག་གྱུར་དང་མཐུན་སྦྱོར་བྱས་ཏེ་མཉམ་དུ་ཡོ་རོབ་གླིང་གི་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལེ་ཡིས་ཉིན་དེར་བསྟན་དོན། འཇིགས་སྐུལ་དེ་རིགས་དང་ལེན་བྱེད་ཐབས་མེད་པ་དང་། མནའ་མཐུན་གྲོགས་པོའི་བར་བྱེད་ཐབས་དེ་འདྲ་སྤྱད་ནས་འོས་འཚམ་མིན་ཟེར།

སི་ཐི་ལེ་ཡིས་ནོར་ཝེའི་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པར་མ་ཟད། ནོར་ཝེ་ཡི་ལངས་ཕྱོགས་བརྟན་པོ་ཡིན་པའི་ཚུལ་བསྟན། ཁོས་བསྐྱར་སྒྲོག་བྱས་དོན། ཀི་ལིན་ལན་གླིང་ཕྲན་ནི་ཏན་མག་རྒྱལ་ཁབ་ཀྱི་ཁག་ཅིག་ཡིན་ཞིང་། ནོར་ཝེ་ཡིས་ཏན་མག་གིས་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ལ། ཨ་མེ་རི་ཁ་དང་ཏན་མག་གིས་མུ་མཐུད་དུ་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཧྥུན་ལན་གྱི་སྲིད་འཛིན་སི་ཐུའུ་པུའུ་ཡིས་ཚེས17ཉིན་བསྟན་དོན། ཨ་མེ་རི་ཁས་ཀི་ལིན་ལན་གླིང་ཕྲན་ཐོབ་ཆེད་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་སྒོ་ཁྲལ་ཁ་སྣོན་བྱས་ན། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བར་གནོད་པ་ཐེབས་སྲིད་ཟེར། ཁོས་ཨ་མེ་རི་ཁས་ཡོ་རོབ་གླིང་བར་གྲོས་མོལ་བྱེད་དགོས་པ་ལས་ཕྱོགས་གཅིག་ནས་གནོན་ཤུགས་བྱིན་ནས་འགལ་བ་ཐག་གཅོད་བྱེད་མི་རུང་བའི་སྐུལ་མ་བཏང་། སི་ཐུའུ་པུའུ་ཡིས་བཤད་རྒྱུར། གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ནི་གྲོས་མོལ་ཡིན་པ་ལས་གནོན་ཤུགས་སྟེར་རྒྱུ་དེ་མིན། སྒོ་ཁྲལ་གྱིས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བར་གཏོར་བརླག་ཐེབས་ནས། ཉེན་ཁའི་སྣང་ཚུལ་བློ་ཡིད་ལས་འདས་པ་འབྱུང་སྲིད་ཟེར།

ཧི་ལན་གྱི་ལྗང་མདོག་ཏང་དང་བཟོ་བའི་ཏང་མནའ་འབྲེལ་གྱི་འགོ་ཁྲིད་པ་ཁི་ལཱ་ཝེ་ཨར་གྱིས་ཉིན་དེར་བསྟན་དོན། ཐི་ལིང་ཕུའུ་ཡི་དཀྲུག་འཕེན་བྱ་སྤྱོད་ལས་ཡོ་རོབ་གླིང་གིས་ངེས་པར་དུ་ཨ་མེ་རི་ཁའི་བར་འབྲེལ་མཚམས་གསལ་བོ་བྱེད་དགོས་པ་ལས། ཡང་དང་བསྐྱར་དུ་ཨ་མེ་རི་ཁའི་ཁམས་དང་བསྟུན་ནས་ཕན་ཐོགས་མེད་པ་བདེན་དཔང་བྱས་ཡོད་ཟེར། ཁི་ལཱ་ཝེ་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་གིས་མྱུར་མོར་མཐུན་སྒྲིལ་བྱས་ཏེ་རྒོལ་ལན་དྲག་པོ་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།