སི་རི་ཡཱའི་བར་བརྒལ་སྲིད་གཞུང་དང་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པ་དང་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱེད་པའི་གྲོས་མཐུན་གསར་བ་བཀོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས18ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་བར་བརྒལ་སྲིད་གཞུང་དང་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱིས་ཉིན་དེར་འཁྲུག་རྩོད་མཚམས་འཇོག་པ་དང་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱེད་པའི་གྲོས་མཐུན་གསར་བ་བཀོད་པ་དང་། ཕྱོགས་གཉིས་ཀྱིས་མིག་སྔའི་འཐབ་འཁྲུག་བྱེད་ས་དང་འབྲེལ་འདྲིས་བྱེད་ས་ཡོད་ཚད་ནས་འཁྲུག་རྩོད་མྱུར་དུ་མཚམས་འཇོག་རྒྱུ་རེད།

ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་ལྟར་ན། སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱིདམག་དཔུང་ཚང་མ་སི་རི་ཡཱའི་མངའ་ཁོངས་ཀྱི་ཡུག་ཧྥ་ལཱ་ཏིས་ཆུ་བོའི་ཤར་འགྲམ་ས་ཁུལ་དུ་ཕྱིར་འཐེན་བྱས་ཏེ་ཡང་བསྐྱར་ལེགས་སྒྲིག་བྱེད་པའི་རྨང་གཞིར་བྱས་ཡོད། སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱི་དྲག་ཆས་མི་སྣ་ཚང་མར་དགོས་ངེས་ཀྱི་བདེ་འཇགས་ཞིབ་བཤེར་བརྒྱུད་རྗེས་མི་སྒེར་གྱི་ཐོབ་ཐང་གིས་བར་བརྒལ་སྲིད་གཞུང་གི་རྒྱལ་སྲུང་པུའུ་དང་ནང་སྲིད་པུའུ་ནང་འདྲེས་པར་བྱེད་དགོས། དེ་ལས་གཞན་བར་བརྒལ་སྲིད་གཞུང་གིས་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱི་འགོ་ཁྲིད་རིམ་པས་སྤྲད་པའི་འདེམ་སྒུག་མི་སྣའི་མིང་ཐོ་དང་ལེན་བྱེད་དགོས་ལ། ཀྲུང་དབྱང་ལས་ཁུངས་སུ་མཐོ་རིམ་དམག་དོན་དང་བདེ་འཇགས། དམངས་དོན་བཅས་ཀྱི་ལས་འགན་ཁུར་དུ་འཇུག་དགོས།

དེའི་ཞོར་དུ་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དང་ལཱ་ཁཱ་ཞིང་ཆེན་གྱིས་ས་གནས་སྲིད་འཛིན་དང་དམག་དོན་དབང་ཤུགས་དེ་བར་བརྒལ་སྲིད་གཞུང་ལ་སྤྲོད་དགོས་པ་དང་། དམངས་དོན་ལས་ཁུངས་དང་སྒྲིག་ཆས་ཚང་མའང་བརྒྱུད་སྤྲོད་བྱེད་དགོས། སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་དུ་དམངས་དོན་ལས་ཁུངས་ཚང་མ་རྒྱལ་ཁབ་ལས་ཁུངས་སུ་གཅིག་བསྡུས་བྱེད་པ་དང་། བར་བརྒལ་སྲིད་གཞུང་གིས་ས་དེའི་མཐའ་མཚམས་ཀྱི་རྒྱུ་ལམ་དང་སྣུམ་ཞིང་ཚང་མ་ཚོད་འཛིན་བྱེད་དགོས་པར་མ་ཟད་སི་རི་ཡའི་དམག་ཕྱོགས་ཀྱིས་སྲུང་སྐྱོབ་བྱས་ཏེ། ཐོན་ཁུངས་དག་རྒྱལ་ཁབ་ལ་དབང་བར་འགན་སྲུང་བྱེད་པའི་ཞོར་དུ་ཁུའུ་ཨར་ཏིའི་མི་གཅིག་བསྡུས་འཚོ་སྡོད་བྱེད་པའི་ས་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་བསམ་བློ་གཏོང་དགོས།

དེ་ལས་གཞན་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མི་སྣ་བཀག་འཇུག་བྱེད་སའི་སྒར་ས་དང་སྲིད་འཛིན་ལས་ཁུངས་དག་བར་བརྒལ་སྲིད་གཞུང་ལ་སྤྲོད་དགོས་ལ། སི་རི་ཡཱ་ནས་མིན་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་འགོ་ཁྲིད་པ་དང་ཁོངས་མི་ཚང་མ་རང་གི་མངའ་ཁོངས་ནས་མཐར་སྐྲོད་གཏོང་དགོས།

སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། བར་བརྒལ་སྲིད་གཞུང་གི་དམག་དཔུང་ཚེས18ཉིན་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དང་ལཱ་ཁཱ་ཞིང་ཆེན་དུ་ཡོང་ནས། ཐཱ་པུའུ་ཁཱ་རགས་ཆེན་སོགས་འཐབ་ཇུས་གནད་ས་དང་ས་དེའི་སྣུམ་ཞིང་བདག་བཟུང་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།