བསྐྱར་དར་ཡོ་རོབ་གླིང་ཏང་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱས་ཏེ་ཨ་མེ་རི་ཁའི་སྒོ་ཁྲལ་གྱི་གནོན་ཤུགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཡོ་རོབ་གླིང་གྲོས་ཁང་བསྐྱར་དར་ཡོ་རོབ་གླིང་ཏང་ཚོགས་ཀྱིས་ཚེས18ཉིན་བསྟན་དོན། ཨ་མེ་རི་ཁས་ཀི་ལིན་ལན་གླིང་ཕྲན་ཐོབ་ཆེད་སྒོ་ཁྲལ་ཁ་སྣོན་གྱི་བྱེད་ཐབས་སྤྱད་ནས་ཡོ་རོབ་གླིང་མནའ་འབྲེལ་ལ་གནོན་ཤུགས་བྱིན་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་གྲོགས་པོའི་འབྲེལ་བ་ཁོ་ནར་བརྟེན་མི་རུང་བ་དང་། ཡིད་རྟོན་རུང་བའི་ཟིལ་ཤུགས་ཆགས་པར་བྱེད་དགོས་ལ། འཇིགས་སྐུལ་ལ་ངོ་རྒོལ་བྱས་ཏེ་ཨ་མེ་རི་ཁའི་དཔལ་འབྱོར་གྱི་འཇིགས་སྐུལ་དེར་རྒོལ་ལན་སྤྲོད་དགོས་ཟེར།

བསྐྱར་དར་ཡོ་རོབ་གླིང་ཏང་ཚོགས་ཀྱི་ཀྲུའུ་ཞི་ཝ་ལའེ་ལོས་ཨ་ཡེ་ཡིས་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་བལྟས་ན་ཡོ་རོབ་གླིང་ནི་ནུས་མེད་ཅིག་ཏུ་རློམ་ནས་ལས་སླ་མོས་རང་གི་བཙན་ཤུགས་ཀྱི་བྱེད་ཐབས་ལ་མགོ་སྒུར་སྲིད་པར་འདོད་ན། དེ་ནི་ཉེན་ཁ་ཆེ་ཞིང་རང་སྡུག་རང་གིས་ཉོ་བའི་ནོར་འཁྲུལ་ཅིག་ཡིན་པ་ཨ་མེ་རི་ཁས་ཡིད་ལ་འཛིན་དགོས་ཟེར།

ཁོ་མོས་ནན་གྱིས་བསྟན་དོན། ངོ་རྒོལ་བྱེད་ཐབས་དེ་འདྲ་གཏན་ནས་བཀོལ་མྱོང་མེད་ཀྱང་། ཏང་ཚོགས་དེས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དཔལ་འབྱོར་གྱི་ཉིང་རྡུལ་མཚོན་ཆ་དེ་བཀོལ་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ལས་རིམ་ལ་མ་བརྟེན་པའི་གནས་ཚུལ་འོག་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་དུ་འཇུག་དགོས་པའི་རེ་བ་བཏོན། དེའི་ནང་ཆད་གཅོད་རང་བཞིན་གྱི་སྒོ་ཁྲལ་ཁ་སྣོན་བྱེད་པ་དང་། ཚོང་རའི་ཚད་བཀག་བྱེད་ཐབས་ལག་བསྟར་བྱེད་པ། དངུལ་ལོར་བཀག་སྡོམ། དེ་མིན་འབྲེལ་ཡོད་ཀྱི་ཆེད་ཁེའི་ཆོག་མཆན་མཚམས་འཇོག་པ་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།