
ནོར་ཝེ་རུ་འཚམས་འདྲི་བྱེད་བཞིན་པའི་ཏན་མག་གི་ཕྱི་འབྲེལ་བློན་ཆེན་ལཱ་སི་མུའུ་སིན་གྱིས་ཚེས18ཉིན་ཨོ་སི་ལུའུ་ནས་བསྟན་དོན། ཨ་མེ་རི་ཁས་ཀི་ལིན་ལན་གླིང་ཕྲན་ཐོབ་ཆེད་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་སྒོ་ཁྲལ་ཁ་སྣོན་བྱས་པས། མིག་སྔའི་གནས་བབ་ཧ་ཅང་འགལ་བ་ཅན་དུ་བཏང་ཡོད། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་བར་གྱི་འགལ་བ་དེ་ཐག་གཅོད་བྱེད་ཐུབ་མིན་དེ་རྒྱལ་སྤྱིའི་སྒྲིག་ལམ་ལ་འབྲེལ་བར་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱི་མ་འོངས་པར་ཡང་འབྲེལ་བ་ཡོད་ཟེར།
ལཱ་སི་མུའུ་སིན་གྱིས་ཉིན་དེར་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨེ་ཏི་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་ཀི་ལིན་ལན་གླིང་ཕྲན་དུ་དམག་མི་མངག་ནས་གླིང་སྣེ་བྱང་མའི་བསྲན་ཤུགས་ཞེས་པའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི་ཏན་མག་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོགས་པོ་གཞན་པ་དག་གིས་གླིང་སྣེ་བྱང་མའི་བདེ་འཇགས་ལ་གཟབ་ནན་གྱི་རྣམ་འགྱུར་འཛིན་པ་ནན་བཤད་བྱེད་ཆེད་ཡིན། བྱེད་ཐབས་དེ་ལས་ཨ་མེ་རི་ཁས་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཏེ། གནས་བབ་དེ་སྔར་ལས་རྙོག་འཛིང་ལྡན་པར་བཟོས་ཡོད་ཟེར།
ལཱ་སི་མུའུ་སིན་གྱིས་བསྟན་དོན། ཏན་མག་ཕྱོགས་ཀྱིས་ཟླ་འདིའི་ཚེས14ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་ཨ་མེ་རི་ཁའི་སྲིད་འཛིན་གཞོན་པ་ཝན་སི་སོགས་མཐོ་རིམ་དཔོན་རིགས་དང་གྲོས་མོལ་བྱས་རྗེས། གྲོས་མོལ་དེར་འཛུགས་སྐྲུན་རང་བཞིན་ལྡན་པར་འདོད་ཡོད་ཅིང་། དེའི་རྨང་གཞིའི་སྟེང་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཀི་ལིན་ལན་གླིང་ཕྲན་ཐོབ་འདོད་པའི་བསམ་ཚུལ་དེ་བསྐྱུར་དུ་འཇུག་འདོད་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱི་རྣམ་འགྱུར་གསར་བས་ཀུན་ལ་སེམས་ཁུར་བཟོས་ཡོད་ཟེར།
ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ཁོས་སྒོ་ཁྲལ་གྱི་འགལ་བས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་པར་རིན་དོད་ཆེན་པོ་གཏོང་དུ་བཅུག་ཡོད་ཀྱང་ཡོ་རོབ་གླིང་གིས་ཏན་མག་གི་རྒྱབ་སྐྱོར་ལ་གཡོ་འགུལ་འབྱུང་མི་སྲིད་པར་ཡིད་ཆེས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།