
འཇར་པན་གྱི་མི་སྣས་བསྟན་དོན། ཀའོ་ཧྲི་ཙའོ་མེའོ་ཡི་ནོར་འཁྲུལ་གྱི་གཏམ་བཤད་དང་ཀའོ་ཧྲི་ཙའོ་མེའོ་སོགས་འཇར་པན་དཔོན་རིགས་ཀྱིས་ཉིང་རྡུལ་མེད་པའི་རྩ་དོན་གསུམ་བཟོ་བཅོས་བྱེད་པར་སྐུལ་འདེད་བཏང་བ་དེ་འཇར་པན་གྱི་རྩ་ཁྲིམས་དང་མི་མཐུན་ཞིང་། འཐབ་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བརླག་བཏང་ཡོད་པས་དང་ལེན་བྱེད་ཐབས་མེད་ཟེར།
འཇར་པན་གྱི་གྲོས་མི་ཀའོ་ལིང་ཧྲ་ཙེ་ཡིས་བཤད་རྒྱུར། ངས་བལྟས་ན་ཉིང་རྡུལ་འཕེལ་རྒྱས་གཏོང་བའི་གཏམ་བཤད་དང་ཉིང་རྡུལ་མེད་པའི་རྩ་དོན་གསུམ་བཟོ་བཅོས་བྱེད་རྩིས་བྱས་པ་དེ་གཏན་ནས་དང་ལེན་བྱེད་ཐབས་མེད་པ་ཞིག་རེད། དེ་ནི་ཧ་ཅང་ཚབས་ཆེ་བའི་གནད་དོན་ཅིག་ཡིན་པ་དང་། འཇར་པན་གྱིས་བསྒྲུབ་དགོས་པ་ནི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཐད་འབད་འབུངས་ཆེན་པོ་བྱེད་དགོས། ཀའོ་ཧྲི་ཙའོ་མེའོ་ཡིས་ད་རུང་རྒྱལ་ཁབ་གཞན་པར་དཀྲུག་འཕེན་གྱི་གཏམ་བཤད་སྤེལ། འཇར་པན་སྲིད་གཞུང་གིས་ཕྱི་འབྲེལ་བྱ་བ་བཟང་བོར་མ་བསྒྲུབས་པར་བསམ་བཞིན་དུ་དམག་ཆས་རྒྱ་བསྐྱེད་ལ་སྐུལ་འདེད་བཏང་། དེ་ནི་འཇར་པན་ཆབ་སྲིད་ལམ་ཐིག་སྟེང་གི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ནོར་འཁྲུག་ཅིག་རེད་ཟེར།
འཇར་པན་ཞིན་ཞི་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་ཧྲི་ཆི་ཁྲིན་ཡེ་ཡིས་བཤད་རྒྱུར། ཉིང་རྡུལ་མེད་པའི་རྩ་དོན་གསུམ་ནི་འཇར་པན་གྱི་འཚོ་སྡོད་ཐབས་མཆོག་ཡིན་པས་བཟོ་བཅོས་གཏན་ནས་བྱེད་མི་རུང་། འཇར་པན་གྱི་རྩ་ཁྲིམས་དང་ཡང་ན་རྒྱལ་སྤྱིའི་འབྲེལ་བའི་ཡང་དག་པའི་འཕེལ་རྒྱས་ཁ་ཕྱོགས་ནས་བལྟས་ན། འཇར་པན་གྱིས་རྒྱུན་ཆད་མེད་པར་དམག་ཆས་རྒྱ་བསྐྱེད་པ་ནི་ཡང་དག་ཅིག་མིན་པ་དང་། ཤི་གསོན་གྱི་ཉམས་ཉེན་གྱི་གླེང་ཕྱོགས་དེ་འདྲ་ཡོད་མི་རུང་། ཀའོ་ཧྲི་ཙའོ་མེའོ་ཡིས་གཏམ་བཤད་དེ་འདྲ་སྤེལ་ནས། འཐབ་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཡོ་འགུལ་དྲག་པོ་གཏོང་བའི་སྣང་ཚུལ་མངོན་པར་བྱས་པ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད། འཇར་པན་གྱིས་བྱ་སྤྱོད་དེ་འདྲ་སྤེལ་བ་ནི་ཡང་བསྐྱར་འཐབ་འཁྲུག་གི་ཤུལ་ལམ་དུ་ཞུགས་པ་དང་གཅིག་འདྲ་རེད་ཟེར།
རྒྱལ་སྤྱིའི་མི་སྣས་བསྟན་དོན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ནོར་འཁྲུལ་གྱི་གཏམ་བཤད་དང་འཇར་པན་དཔོན་རིགས་ཀྱིས་ཉིང་རྡུལ་ནུས་པ་འཕེལ་རྒྱས་སུ་གཏོང་བའི་གཏམ་བཤད་ལས་འཛམ་གླིང་ཧྲིལ་བོར་ཉེན་ཁ་ཆེན་པོ་བཟོས་ཡོད་པས་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད།
སི་ཕན་གྱི་ཆབ་སྲིད་དང་དཔལ་འབྱོར་རིག་པ་བ་པཱ་ལཱ་ཀན་གྱིས་བཤད་རྒྱུར། འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་གཏམ་བཤད་དེར་ཉེན་ཁ་ཧ་ཅང་ཆེ་ཞིང་། ཁོ་མོས་དཀྲུག་འཕེན་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་། འཇར་པན་དམག་རྒྱལ་རིང་ལུགས་སླར་གསོ་བྱེད་རྩིས་ཡོད་ལ། ཐ་ན་ཉིང་རྡུལ་ནུས་པ་འཕེལ་རྒྱས་སུ་གཏོང་བའི་གཏམ་བཤད་ཀྱང་སྤེལ་བས། ཀུན་གྱིས་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ངས་བལྟས་ན་འཇར་པན་ནི་ཡང་བསྐྱར་ལོ་རྒྱུས་ཀྱི་ཤུལ་ལམ་དུ་བགྲོད་བཞིན་ཡོད་ལ། འཛམ་གླིང་ཧྲིལ་བོར་ཉེན་ཁ་ཆེན་པོ་བཟོ་སྲིད་པས། འཇར་པན་གྱིས་ངེས་པར་དུ་ནོར་འཁྲུལ་གྱི་གཏམ་བཤད་དེ་རྩིས་མེད་དུ་གཏོང་དགོས་ཟེར།
ཨ་ཀིན་ཐིན་གྱི་སཱ་ཨར་ཝ་སློབ་ཆེན་གྱི་སློབ་གཙོ་གཞོན་པ། རྒྱལ་སྤྱིའི་ཆབ་སྲིད་ཆེད་མཁས་པ་ཀུང་སཱ་ཨར་ཝེ་སི་ཡིས་བཤད་རྒྱུར། མིག་སྔའི་འཇར་པན་སྲིད་གཞུང་དེ་རྩ་ཁྲིམས་དང་བྲིས་པའི་ཞི་བདེ་རིང་ལུགས་ཀྱི་ལམ་ཐིག་དང་རྒྱབ་འགལ་དུ་སོང་ཞིང་། ཞི་བདེའི་ལངས་ཕྱོགས་བསྐྱུར་ནས་ཡང་བསྐྱར་དམག་དོན་ཅན་གྱི་ཕྱོགས་སུ་བགྲོད་བཞིན་པ་མངོན་གསལ་རེད། འཇར་པན་གྱིས་ངོ་རྒོལ་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཁུལ་གྱི་ཞི་བདེ་ལ་གཏོར་བརླག་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།