ཕུའུ་ཐའོ་ཡཱ་ཡིས་སྲིད་འཛིན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཕུའུ་ཐའོ་ཡཱ་ཡིས་ཚེས18ཉིན་སྲིད་འཛིན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། བསྡོམས་པས་ཟིན་ཐོ་ལས་བརྒལ་བའི་འདེམ་སྒུག་མི་སྣ11འདེམ་བསྐོ་ལ་ཞུགས་ཡོད།

འདེམ་ཤོག་འཕེན་པའི་དུས་ཚོད་ནི་ཞོགས་པའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བདུན་བར་ཡིན་པ་དང་། ཚོད་དཔག་བྱས་ན་འདེམ་ཤོག་གི་མཇུག་འབྲས་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱེད་ངེས་རེད། ཕུའུ་ཐའོ་ཡཱའི་ནང་སྲིད་པུའུ་ཡི་གཞི་གྲངས་ལྟར་ན། ཐེངས་འདིར་ཐོ་འགོད་བྱས་པའི་འདེམ་དམངས་ཀྱི་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ལས་བརྒལ་ཡོད།

སྐབས་འདིའི་སྲིད་འཛིན་གྱི་འདེམ་བསྐོ་ལ་ཞུགས་པའི་འདེམ་སྒུག་པ་གཙོ་བོར་གཡས་ཕྱོགས་སྲིད་ཏང་གི་འགོ་ཁྲིད་པ་ཨན་ཏི་ལེ་ཝུན་ཐུའུ་ལཱ་དང་། དབུས་གཡོན་ཕྱོགས་སྤྱི་ཚོགས་ཏང་གི་ཨན་ཏུང་ནེ་ཨོ་སེ་ཀུའུ་ལོ། གཡས་ཕྱོགས་སྲིད་ཏང་རང་དབང་ལས་དོན་ཏང་གི་རོའུ་ཨང་ཁི་ཐི་ལིན་ཏི་ཧྥེ་ཀི་ལོས། དེ་མིན་དབུས་གཡས་ཕྱོགས་ཏང་སྤྱི་ཚོགས་དམངས་གཙོ་ཏང་གི་ལུའུ་དབྱེ་སི་མཱ་ཁི་སི་མིན་ཏི་སི་བཅས་འདུས།

ཕུའུ་ཐའོ་ཡཱའི་རྩ་ཁྲིམས་ལྟར་ན། སྲིད་འཛིན་ནི་དམངས་ཡོངས་ཀྱི་ཐད་ཀར་འདེམ་བསྐོ་ལས་བདམས་ཐོན་བྱེད་པ་རེད། གལ་ཏེ་འདེམ་སྒུག་པ་གང་རུང་ལ་འདེམ་ཤོག་འཕེན་ཐེངས་དང་པོའི་ནང་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་མེད་ན། འདེམ་ཤོག་ཐོབ་ཚད་ཆེས་མཐོ་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འདེམ་བསྐོ་ལ་ཞུགས་དགོས་པ་དང་། འདེམ་ཤོག་མང་བོ་ཐོབ་པའི་འདེམ་སྒུག་པ་དེ་སྲིད་འཛིན་གྱི་འདེམ་བསྐོ་བྱེད་པ་ཡིན། ས་དེའི་གླེང་ཕྱོགས་ཀྱིས་བལྟས་ན། མིག་སྔའི་དམངས་ཀྱི་འདོད་བློ་དང་ཆབ་སྲིད་ཀྱི་དབྱེ་ཞིབ་ལ་གཞིགས་ན། སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལས་སྲིད་འཛིན་ཐད་ཀར་དུ་བདམས་ཐོན་བྱེད་དཀའ་བར་འདོད་པ་དང་། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ2པའི་ཚེས8ཉིན་སྤེལ་རྒྱུ་རེད།

ཕུའུ་ཐའོ་ཡཱའི་སྲིད་འཛིན་གྱི་འགན་ཡུན་ལོ་ངོ་ལྔ་ཡིན་པ་དང་བསྟུད་འགན་ཐེངས་གཅིག་ཁུར་ཆོག ད་ལྟའི་སྲིད་འཛིན་ཏི་སོ་སཱ་ཡི་འགན་ཡུན་གཉིས་པ་ཟླ3པའི་ཚེས9ཉིན་ལོངས་པ་ཡིན་ལ། གསར་དུ་བདམས་ཐོན་བྱུང་བའི་སྲིད་འཛིན་གྱིས་ཉིན་དེར་དམ་བཅའ་བཞག་སྟེ་ལས་འགན་ཁུར་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།