
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་སྤེལ་བའི་སྒོ་ཁྲལ་འཇིགས་སྐུལ་ཐད་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་བརྒྱད་ཀྱིས་ཚེས18ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། སྒོ་ཁྲལ་ཁ་སྣོན་བྱེད་རྒྱུའི་འཇིགས་སྐུལ་བྱས་ཏེ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བར་གཏོར་བརླག་བཏང་བ་དང་། ཉེན་ཁའི་སྣང་ཚུལ་མུ་མཐུད་དུ་འབྱུང་སྲིད་ལ། རྒྱལ་ཁབ་བརྒྱད་ཀྱིས་མཐུན་སྒྲིལ་རོགས་ལས་ལ་བརྟེན་ནས་ཉེན་ཁ་དེ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
ཏན་མག་དང་ཧྥུན་ལན། ཧྥ་རན་སི། འཇར་མན། ཧི་ལན། ནོར་ཝེ། སུའེ་ཏེན། དབྱིན་ཇི་བཅས་ཀྱིས་མཉམ་དུ་གསལ་སྒྲོག་དེ་བཀོད།
གསལ་སྒྲོག་ལས་བཤད་རྒྱུར། ང་ཚོ་བློ་བརྟན་འགྱུར་མེད་ཀྱིས་ཏན་མག་རྒྱལ་ཁབ་དང་ཀི་ལིན་ལན་གླིང་ཕྲན་གྱི་མི་དམངས་ཕྱོགས་ནས་ལངས་རྒྱུ་ཡིན་པ་དང་། ང་ཚོས་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བའི་རྩ་དོན་གཞིར་བཟུང་ནས་གྲོས་མོལ་བྱེད་འདོད་ཡོད། རྒྱལ་ཁབ་བརྒྱད་ཀྱིས་མུ་མཐུད་དུ་མཐུན་སྒྲིལ་རོགས་ལས་བྱས་ཏེ་ཨ་མེ་རི་ཁའི་སྒོ་ཁྲལ་འཇིགས་སྐུལ་ཐག་གཅོད་བྱེད་རྒྱུ་ཡིན་ལ། ང་ཚོས་རང་སྟེང་གི་བདག་དབང་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་ད་རུང་ཐི་ལིང་ཕུའུ་ཡིས་སྐྱོན་འཛུགས་བྱེད་པའི་གླིང་སྣེ་བྱང་མའི་བསྲན་ཤུགས་ཞེས་པའི་དམག་དོན་སྦྱོང་བརྡར་ཐད་ནས་འགྲེལ་བཤད་བྱས། དམག་དོན་སྦྱོང་བརྡར་དེ་ནི་ཏན་མག་དང་མནའ་མཐུན་གྲོགས་པོས་སྔོན་ནས་མཐུན་སྦྱོར་བྱས་ཏེ་སྤེལ་བ་ཡིན་ལ། དམིགས་ཡུལ་ནི་གླིང་སྣེ་བྱང་མའི་བདེ་འཇགས་ལ་ཤུགས་སྣོན་པའི་ཆེད་ཡིན། དེ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཐུན་མོང་ཁེ་ཕན་དང་འཚམ་པར་མ་ཟད། མི་གང་རུང་ལ་འཇིགས་ཉེན་བཟོས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།