
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2026ལོའི་ལོ་ཚོགས་ཚེས19ཉིན་སུའེ་ཙེར་གྱི་ཏཱ་བོ་སི་ནས་ཚོགས་མགོ་བརྩམས། སྐབས་འདིའི་ལོ་ཚོགས་ཀྱི་བརྗོད་སྙིང་ནི་གྲོས་མོལ་གྱི་སྙིང་སྟོབས་ཡིན་པ་དང་། དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་འཛུགས་སྐྲུན་རང་བཞིན་ལྡན་པའི་བརྗེ་རེས་བྱས་ནས་ཡིད་ཆེས་སླར་གསོ་བྱེད་དགོས་པ་དང་། མཉམ་དུ་གོ་ལ་ཧྲིལ་བོ་ཅན་གྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ལོ་ཚོགས་མ་བསྡུས་གོང་། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་སྙན་ཞུ་རབ་དང་རིམ་པ་སྤེལ་ཏེ། མིག་སྔའི་ཕྱོགས་མང་རིང་ལུགས་དེ་བཀག་རྒྱ་མང་བོར་འཕྲད་ཡོད་ལ། གོ་ལ་ཧྲིལ་བོའི་མཉམ་ལས་རྣམ་པ་དང་གནས་བབ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད། འཛམ་གླིང་དཔལ་འབྱོར་གྱི་མདུན་ལྗོངས་ལེགས་བཅོས་ངེས་ཅན་བྱུང་ཡོད་ཀྱང་། གཏན་འཇགས་མིན་པའི་སནང་ཚུལ་སྔར་བཞིན་གནས་ཡོད། རྒྱུ་ནོར་ལ་ཡང་བསྐྱར་དཔྱད་འཇོག་དང་བུ་ལོན་ཇེ་མང་དུ་སོང་ནས། ས་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་གྱི་སླར་གསོ་དང་མི་ཐབས་རིག་ནུས་ལག་རྩལ་གྱི་བེད་སྤྱོད་ལས་བྱུང་བའི་ཉེན་ཁ་སོགས་ལས་བསྟུད་མར་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཟེར།
སྐབས་འདིའི་ལོ་ཚོགས་དེ་ཚེས23ཉིན་བར་སྤེལ་རྒྱུ་ཡིན་པ་དང་། གོ་ལ་ཧྲིལ་བོའི་རྒྱལ་ཁབ་དང་ས་ཁུལ130ལྷག་གི་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་འཐུས་མི3000ཙམ་གྱིས་ཇི་ལྟར་མཉམ་ལས་ལ་ཤུགས་སྣོན་པ་དང་། གསར་དུ་འཕར་བའི་སྒུལ་ཤུགས་རྒྱས་པར་བྱེད་པ། དངུལ་གཏོང་མིའི་ཐད་དུ་བཀོལ་བ་སོགས་ཀྱི་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚེ་པུའུ་ལོན་ཏི་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཁ་བྲལ་དང་འགྲན་རྩོད་ཇེ་དྲག་ཏུ་འགྲོ་བའི་འཇིག་རྟེན་ནས་གྲོས་མོལ་ལ་འགན་སྲུང་བྱེད་པར་གལ་འགངས་ཧ་ཅང་ཆེ། རྒྱུ་མཚན་ནི་གྲོས་མོལ་དེ་ནི་འཕེལ་རིམ་བཟང་བོའི་མགོ་རྩོམ་ས་ཡིན་ལ། འཛམ་གླིང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཟེར།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ནི་འཛམ་གླིང་གི་དཔལ་འབྱོར་ཁྱབ་ཁོངས་སུ་གནས་པའི་གནད་དོན་ལ་གྲོས་བསྡུར་ཞིབ་འཇུག་བྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བྱས་པའི་དཔོན་ཕྱོགས་མ་ཡིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་ཁུངས་ཤིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།