ཡོ་རོབ་གླིང་མནའ་འབྲེལ་གྱིས་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་བསྡུས་ཏེ་ཐི་ལིང་ཕུའུ་ཡི་གླིང་ཕྲན་འཕྲོག་ལེན་བྱེད་པའི་སྒོ་ཁྲལ་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཅི་ཨར་གྱིས་ཚེས19ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས22ཉིན་པུ་ལི་ཧྲི་ཡི་པུའུ་ལུའུ་སེར་ནས་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁར་ཀི་ལིན་ལན་གླིང་ཕྲན་ཐོབ་པར་ངོ་རྒོལ་བྱེད་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤྱོད་སྲིད་པའི་ངོ་རྒོལ་བྱེད་ཐབས་ལ་དཔྱད་འཇོག་བྱས།

ཅི་ཨར་གྱིས་བཤད་རྒྱུར། ཐི་ལིང་ཕུའུ་ཡི་སྒོ་ཁྲལ་ཐད་ཀྱི་འཇིགས་སྐུལ་ལ་དམིགས་ནས། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་རིམ་པ་སོ་སོའི་འབྲེལ་འདྲིས་སྔར་བཞིན་མུ་མཐུད་དུ་སྤེལ་བཞིན་ཡོད། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུའང་སྤྱོད་སྲིད་པའི་བྱེད་ཐབས་ཐད་ནས་ཁོངས་གཏོགས་རྒྱལ་ཁབ་བར་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་དགོས་ངེས་ཀྱི་འབད་བརྩོན་བྱས་ཏེ་རང་ངོས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཅི་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་འགན་གཙོ་བོ་ནི་འབྲེལ་འདྲིས་ཡིན་པ་ལས་གནས་བབ་ཛ་དྲག་ཏུ་གཏོང་རྒྱུ་དེ་མིན་ཡང་། གལ་ཏེ་ཨ་མེ་རི་ཁས་སྒོ་ཁྲལ་ཁ་སྣོན་བྱེད་ཐབས་ལག་བསྟར་བྱས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤྱད་ཆོག་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་རྒོལ་ལན་སྤྲོད་རྩིས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།