
ས་དེའི་སྨྱན་བྱད་ཀྱིས་ཚེས19ཉིན་བསྒྲགས་པ་ལྟར་ན། ཁོ་ལོམ་པུ་ཡཱའི་དམག་ཕྱོགས་ཀྱིས་བདེན་དཔང་བྱས་དོན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁོ་ལོམ་པུ་ཡཱའི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་ལས་ཁ་བྲལ་དུ་སོང་བའི་ཁྲིམས་འགལ་དྲག་ཆས་རྩ་འཛུགས་གཉིས་ཀྱིས་ཉེ་སྔོན་ཁོ་ལོམ་པུ་ཡཱའི་དབུས་ལྷོ་ས་ཁུལ་གྱི་བཀའ་ཝེ་ཡཱ་ལོས་ཞིང་ཆེན་དུ་འཁྲུག་རྩོད་དྲག་པོ་བྱས་ཏེ། མི30ཙམ་རྐྱེན་ལམ་དུ་ཤོར་ཟེར།
ཁོ་ལོམ་པུ་ཡཱའི་སྐམ་དམག་ཁྲི་ཤོག་བཞི་བའི་དམག་སྤྱི་ལོ་ཁི་ཡིས་ས་དེའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། འཁྲུག་རྩོད་དེ་བཀའ་ཝེ་ཡཱ་ལོས་ཞིང་ཆེན་གྱི་ཨེ་ཨར་ལོའུ་ཐའོ་ནོའུ་གྲོང་ཁྱེར་གྱི་ཞིང་སྡེ་ཞིག་ནས་བྱུང་བ་རེད། ཁོ་ལོམ་པུ་ཡཱའི་ལྟ་ཞིབ་གཞུང་སྒྲུབ་ཁང་དང་མེ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱི་རོགས་འདེགས་འོག ཁོ་ལོམ་པུ་ཡཱའི་དམག་ཕྱོགས་ཀྱིས་ཚེས18ཉིན་འཁྲུག་རྩོད་བྱུང་སའི་ཡུལ་དངོས་ཀྱི་ཉེ་འདབས་ནས་བེམ་པོ26རྙེད་པ་དང་། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་བེམ་པོར་ངོས་འཛིན་བྱེད་པའི་བྱ་བ་སྤེལ་བཞིན་ཡོད་ཟེར།
ལོ་ཁི་ཡིས་བསྟན་དོན། ཁོ་ལོམ་པུ་ཡཱའི་སྐམ་དམག་ཁྲི་ཤོག་བཞི་བས་རྒྱལ་ཁབ་ཀྱི་ཉེན་རྟོག་པ་དང་མཚོ་དམག མཁའ་དམག་བཅས་དང་རོགས་ལས་བྱས་ནས། འབྲེལ་ཡོད་ས་ཁུལ་དུ་བསྟུད་མར་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཁྲིམས་འགལ་དྲག་ཆས་རྩ་འཛུགས་ཀྱིས་ཡང་བསྐྱར་ས་ཁོངས་འཕྲོག་རྩོད་བྱེད་པར་བཀག་འགོག་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།