ཨོ་སི་ཁྲི་ལི་ཡའི་ཉིས་སྟོང་ཉེར་དྲུག་ལོའི་ཞི་ཉི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་སྤྲོ་སྐྱིད་ལོ་སར་གྱི་བྱ་འགུལ་རབ་དང་རིམ་པ་ཞི་ཉི་ནས་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨོ་སི་ཁྲི་ལི་ཡའི་ཉིས་སྟོང་ཉེར་དྲུག་ལོའི་ཞི་ཉི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་སྤྲོ་སྐྱིད་ལོ་སར་གྱི་བྱ་འགུལ་རབ་དང་རིམ་པ་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ནས་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་བར་དུ་སྤེལ་རྒྱུ་རེད། ཞི་ཉི་གྲོང་ཁྱེར་གྱི་སྲིད་འཛིན་ཐིན་དང་ཞི་ཉི་གླུ་གར་ཁང་། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་མཚོ་དོན་དངོས་མང་བཤམས་སྟོན་ཁང་སོགས་ས་གནས་ཚབ་མཚོན་རང་བཞིན་གྱི་གནས་རྣམས་སུ་སྤེལ་རྒྱུ་རེད།  

མིག་སྔར་སྤེལ་བའི་ཉིས་སྟོང་ཉེར་དྲུག་ལོའི་སྤྲོ་སྐྱིད་ལོ་སར་གྱི་བྱ་འགུལ་རབ་དང་རིམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞི་ཉི་རུ་སྡོད་པའི་ཀྲུང་གོའི་སྤྱི་འཛིན་ཁང་གི་རིག་གནས་ཚན་ཙན་ལིས་ལི་ཝུན་གྱིས་ཞུ་ཚིག་ཁྲོད་བསྟན་དོན། སྤྲོ་སྐྱིད་ལོ་སར་ནི་གོ་ལ་ཧྲིལ་བོར་ཀྲུང་གོའི་རིག་གནས་མིང་རྟགས་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་གྲས་ཀྱི་གཅིག་ཡིན་པ་མ་ཟད། ཀྲུང་གོས་འཛམ་གླིང་ལ་ཁ་གཏད་པའི་རིག་གནས་ཟོང་རྟགས་དང་རྒྱལ་སྤྱིའི་མཉམ་སྒུལ་ལས་གཞི་གལ་ཆེན་ཡིན་ལ། རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ནས་རྒྱ་ཁྱབ་ངང་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་སར་རིག་གནས་རྒྱུས་ལོན་དང་དེང་རབས་ཀྲུང་གོར་ལྟ་བའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྲོ་སྐྱིད་ལོ་སར་གྱི་བྱ་འགུལ་དེ་ཨོ་སི་ཁྲུ་ལི་ཡ་རུ་མུ་མཐུད་དུ་གཏིང་ཟབ་སྒོས་སྤེལ་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རིག་གནས་སྤེལ་རེས་དང་དམངས་སེམས་མཉམ་འདྲེས་ཐད་གསོན་ཤུགས་གསར་བ་རྒྱས་སུ་འཇུག་པའི་རེ་བ་ཡོད།

ཞི་ཉི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཡོན་ཝེ་ཡིས་སྒྲོག་སྤེལ་ཚོགས་འདུའི་ཐོག་བཤད་རྒྱུར། སྤྲོ་སྐྱིད་ལོ་སར་ནི་དུས་ཆེན་གྱི་ཟོང་རྟགས་གལ་ཆེན་ཡིན་པ་མ་ཟད། ཀྲུང་གོ་དང་འཛམ་གླིང་བར་དུ་སྦྲེལ་མཐུད་བྱས་ནས། རིག་གནས་སྤེལ་རེས་དང་བརྩེ་སེམས་མཉམ་འདྲེས་བྱེད་པར་སྐུལ་བའི་ཟམ་པ་ལྟ་བུ་ཡིན། ཐེངས་འདིའི་མུ་འབྲེལ་བྱ་འགུལ་ལ་ལོ་སར་དང་བརྒྱ་ལོའི་ཚེས་བཅོ་ལྔའི་དུས་ཆེན་སོགས་འདུ་ལ། འཁྲབ་སྟོན་དང་དམངས་སྲོལ་ཉམས་ལེན། གྲོང་ཁྱེར་སྤྱི་བའི་རིག་གནས་བྱ་འགུལ་སོགས་རྣམ་པ་སྣ་མང་ལ་བརྟེན་ནས། ཞི་ཉི་རུ་ལོ་སར་གྱི་མཁའ་དབུགས་སྟུག་པོ་གྲུབ་པར་བྱ་རྒྱུ་རེད།

མུ་འབྲེལ་དགའ་སྟོན་བྱ་འགུལ་ཁྲོད་དུ། ཉིས་སྟོང་ཉེར་དྲུག་ལོའི་སྤྲོ་སྐྱིད་ལོ་སར་ལོ་སར་གྱི་རོལ་དབྱངས་ཚོགས་འདུ་ཞེས་པ་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཞི་ཉི་གླུ་གར་ཁང་དུ་སྤེལ་རྒྱུ་རེད། ཨོ་ཧྥུན་རིག་གནས་སྡེ་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཧྥུན་ཏོན་ཕིན་གྱིས་ངོ་སྤྲོད་བྱ་རྒྱུར། སྐབས་ཐོག་དེར་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་སྒྱུ་རྩལ་པ་དག་གིས་མཉམ་འབྲེལ་གྱིས་འཁྲབ་སྟོན་བྱ་རྒྱུ་ཡིན་ལ། རྒྱལ་སྤྱིའི་ཆུ་ཚད་ལ་སླེབས་པའི་ཀྲུང་གོའི་མི་རིགས་རོལ་དབྱངས་དང་དེང་རབས་འཁྲབ་སྟོན་མཉམ་འདྲེས་ཀྱི་རྣམ་པའི་སྤྲོ་སྐྱིད་ལོ་སར་བརྗོད་གཞིའི་འཁྲབ་སྟོན་བྱས་ནས། ཨོ་སི་ཁྲུ་ལི་ཡའི་ལྟ་མཁན་རྣམ་པར་རིག་གནས་ཀྱི་དོན་སྙིང་ལྡན་ཞིང་སྒྱུ་རྩལ་གྱི་འགུག་ཤུགས་ཆེ་བའི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་རྒྱུ་རེད།

ཨོ་སི་ཁྲུ་ལི་ཡའི་ཀྲུང་ཧྭའི་ཉོ་འཚོང་རིག་གནས་བརྗེ་རེས་སྐུལ་འདེད་ཚོགས་པའི་ལག་བསྟར་ཀྲུའུ་ཞི་ཙིན་དབྱི་ཡིས་བསྟན་དོན། ཞི་ཉི་ཟློས་གར་ཁང་གིས་ཆུ་ཚད་མཐོ་བའི་ལོ་སར་རོལ་དབྱངས་ཚོགས་འདུ་བསྡུས་པ་ལ་བརྟེན་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་འདྲེས་ཡོང་བར་སྔར་མེད་སྐུལ་འདེད་གཏང་ཐུབ་རྒྱུའི་རེ་བ་ཡོད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།