
ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པོར་གྱི་ཀྲུང་གོའི་ཟ་ཁང་ཞིག་གི་ཉེ་འགྲམ་ནས་ཚེས་བཅུ་དགུ་ཉིན་འགས་གཏོར་བྱུང་། ཕྱི་འབྲེལ་པུའུ་ཡི་མགྲིབ་ཚབ་པ་གོ་ཅ་ཁུན་གྱིས་ཚེས་ཉི་ཤུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། འགས་གཏོར་གྱི་དོན་རྐྱེན་དེ་ལས་མི་མང་པོར་ཤི་རྨས་ཐེབས་ཤིང་། ཀྲུང་གོའི་སྤྱི་དམངས་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་ལ་རྨས་ཕོག ཀྲུང་གོ་ཕྱོགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤྱི་དམངས་ལ་མྱ་ངན་ཞུས་པ་མ་ཟད། རྨས་ཕོག་པའི་སྤྱི་དམངས་དག་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་ཕྱོགས་ལ་དོན་དེའི་ཐད་ནས་འབྲེལ་འདྲིས་བྱས་ཡོད་ཟེར།
གོ་ཅ་ཁུན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་བྱེད་ཀྱིན་ཡོད། ཨ་ཧྥུའུ་ཧན་དང་ས་ཁུལ་རྒྱལ་ཁབ་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་འགུལ་སྐྱོད་ཡོད་ཚད་ལ་རྡུང་རྡེག་བྱེད་པར་རྒྱབ་སྐྱོར་བྱ་ངེས། ཨ་ཧྥུའུ་ཧན་གྱི་མིག་སྔའི་བདེ་འཇགས་གནས་བབ་ལ་གཞིགས་ནས། ཀྲུང་གོའི་སྤྱི་དམངས་ཉེ་ལམ་དེ་རུ་འགྲོ་འོང་མི་བྱེད་པ་དང་། ཨ་ཧྥུའུ་ཧན་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ཀྱིས་ཉེན་ཟོན་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། བདེ་སྲུང་གི་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ། གང་མྱུར་སྒོར་ཉེན་ཁ་ཆེ་སའི་གནས་ལས་ཕྱིར་འཐེན་བྱེད་པར་ཡང་བསྐྱར་གསལ་འདེབས་བྱས་པ་ཡིན།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།