
ཨ་ཧྥེ་རི་ཁ་ལྷོ་མའི་ཞི་ཁེ་ཕུའུ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁེ་ཕུའུ་ཏུན་ནས་ཉིན་དེའི་ནམ་གུང་མེ་མདས་བརྒྱབ་པའི་དོན་རྐྱེན་གཉིས་བྱུང་ནས། མི་དྲུག་རྐྱེན་ལམ་དུ་ཤོར།
ཉེན་རྟོག་ཕྱོགས་ཀྱིས་གསལ་སྒྲོག་ལས་བཤད་རྒྱུར། ཁེ་ཕུའུ་ཏུན་གྲོང་ཁྱེར་གྱི་མཐའ་མཚམས་སུ་མེ་ཐིག་ལན་ཉེན་རྟོག་ཅུའུ་ཡིས་ཚེས་ཉི་ཤུ་ཉིན་གྱི་ནམ་གུང་ཆུ་ཚོད་གཉིས་དང་སྐར་མ་ལྔ་བཅུའི་སྟེང་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་གི་གྱོད་དོན་སྙན་སེང་འབྱོར། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་སུ་བུད་མེད་གསུམ་དང་སྐྱེས་པ་གཅིག་རྐྱེན་ལམ་དུ་ཤོར་ཡོད་པ་གཏན་འཁེལ་བྱས་ལ། དོན་རྐྱེན་གྱི་ཞིབ་ཕྲའི་གནས་ཚུལ་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད།
མེ་ལན་ཐིག་ཉེན་རྟོག་ཕྱོགས་ཀྱིས་ཆུ་ཚོད་གཉིས་དང་སྐར་མ་ང་ལྔའི་སྟེང་མེ་མདས་བརྒྱབ་པའི་དོན་རྐྱེན་གཞན་ཞིག་གི་གྱོད་དོན་སྙན་སེང་འབྱོར་བྱུང་། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་སུ་སྐྱེས་པ་བཞི་མེ་མདས་རྨས་ཕོག་ཡོད་པ་མཐོང་པ་མ་ཟད། དེའི་ཁྲོད་ཀྱི་མི་གཉིས་རྐྱེན་ལམ་དུ་ཤོར་འདུག་པ་དང་། མི་གཉིས་སྨན་བཅོས་མྱུར་སྐྱོབ་བྱེད་དུ་བསྐྱལ། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་འདི་འཇིགས་སྐུལ་དང་ཤོག་ཁག་བར་གྱི་གདོང་ཐུག་ལ་འབྲེལ་བ་ཡོད། ད་ལྟ་གྱོད་གཞི་སྒྲུབ་ནས་རྟོག་ཞིབ་བྱེད་སྒང་ཡིན་ཟེར།
ཉེན་རྟོག་ཕྱོགས་ཀྱིས་མིག་སྔར་མི་གཅིག་ཀྱང་བཟུང་མེད། ཨ་ཧྥེ་རི་ཁ་ལྷོ་མ་རུ་མེ་མདས་དྲག་ཤུགས་ཀྱི་དོན་དག་རྒྱུན་དུ་འབྱུང་བཞིན་ཡོད། ལོ་རེར་མེ་མདའི་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་གྱོད་གཞི་འབུམ་གཉིས་ནས་འབུམ་གསུམ་ལ་སླེབས་ཀྱིན་ཡོད་ལ། དེ་དག་མང་ཕྱོགས་ལྐོག་གསོད་དང་བཙན་ཁྲིད། འཕྲོག་བཅོམ། ཤོག་ཁག་བསྒྲིགས་པ་སོགས་དང་འབྲེལ་བ་ཡོད། ཟླ་འདིའི་ཚེས་བཅུ་བདུན་ཉིན། ཁེ་ཕུའུ་ཏུན་གྱི་གྲོང་ཁྱེར་མཐའ་མཚམས་མཱ་ལེ་ཁ་ན་རུ་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས། ཁྱོན་བསྡོམས་མི་བརྒྱད་རྐྱེན་ལམ་དུ་ཤོར་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེ་ལྐོག་གཡོ་མགོ་སྐོར་གྱི་བྱ་བ་དང་འབྲེལ་བ་ཡོད་པར་འདོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།