ཐི་ལང་ཕུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་མུ་མཐུད་གནས་དགོས་ནའང“ཞི་བདེ་ཨུ་ཡོན་ལྷན་ཁང་”གིས་དེའི་ཚབ་བྱེད་སྲིད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཚེས20ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་མུ་མཐུད་གནས་དགོས་མོད། ཡིན་ནའང་ཁོས་གསར་དུ་བཙུགས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་མ་ཐག་གི“ཞི་བདེ་ཨུ་ཡོན་ལྷན་ཁང་”ཞེས་འབོད་པ་དེས་དེའི་ཚབ་བྱེད་སྲིད་ཟེར།

སྨྱན་སྦྱོར་གསར་འགོད་པས“ཞི་བདེ་ཨུ་ཡོན་ལྷན་ཁང་”གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚབ་བྱེད་ཐུབ་མིན་སྐོར་འདྲི་སྐབས། ཐི་ལང་ཕུའུ་ཡིས“ཚབ་བྱེད་སྲིད”ཅེས་ལན་བྱིན། ཁོས་དུས་མཚུངས་སུ་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི“སྦས་ཤུགས”ལ་རེ་ལྟོས་ཧ་ཅང་ཆེན་པོ་བཅངས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་མུ་མཐུད་གནས་སུ་འཇུག་དགོས་ཟེར།

ཨ་མེ་རི་ཁ་སྲིད་གཞུང་གིས་ཉིན་འགའི་སྔོན་ལ“ཞི་བདེ་ཨུ་ཡོན་ལྷན་ཁང་”ཟེར་བ་ཞིག་དངོས་སུ་བཙུགས་པ་ཁྱབ་སྒྲོག་བྱས་ཏེ་རྒྱལ་ཁབ་མང་པོ་ཞིག་དེའི་ནང་ཞུགས་རྒྱུར་གདན་འདྲེན་ཞུས། ཐི་ལང་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། “ཞི་བདེ་ཨུ་ཡོན་ལྷན་ཁང་”གིས་ཐོག་མར་ ཅཱ་ཧྲའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ལ། དེའི་རྗེས“འཁྲུག་རྩོད་གཞན་དག”རིམ་བཞིན་གཅོད་བྱ་རྒྱུ་ཡིན་ཟེར། སྨྱན་སྦྱོར་མང་པོ་ཞིག་གིས་ཨ་མེ་རི་ཁ་ཕྱོགས་ཀྱིས“ཡུན་རིང་ཚོགས་པའི་ནང་ཞུགས་པའི”རིན་དོད་ལ་ཨ་སྒོར་ཐེར་འབུམ་གཅིག་གཏོང་རྒྱུ་རེད་ཟེར། གླེང་ཕྱོགས་ལ་ལས་ཨ་མེ་རི་ཁ་ཕྱོགས་ཀྱིས“ཞི་བདེ་ཨུ་ཡོན་ལྷན་ཁང་”ཟེར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འགྲོ་མཉམ་གཤིབ་ཀྱི་སྒྲིག་གཞི་ཞིག་ཏུ་བསྐྲུན་པའི་དབང་དུ་བཏང་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ལས་ཀའི་ལམ་སྲོལ་ལ་ཤུགས་རྐྱེན་ཐེབས་སྲིད་པར་ངོས་འཛིན་བྱེད་ཀྱིན་འདུག

བན་དེ་སྐྱབས་ཀྱིས་བསྒྱུར།