ཨུ་རུ་སུའི་ཙུང་ཐུང་གི་དམིགས་བསལ་འཐུས་མི་དང་ཨ་མེ་རི་ཁའི་ཙུང་ཐུང་གི་ཆེད་མངགས་ཕོ་ཉས་ཏ་ཝོ་སིར་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཚེས20ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་དམིགས་བསལ་འཐུས་མི་ཏེ་སྨི་ཐེ་ལི་ཡེ་ཧྥུའུ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡི་ཆེད་མངགས་ཕོ་ཉ་ཝེ་ཐེ་ཁོ་ཧྥུའུ་དང་མག་པ་ཁུའུ་ཧྲི་ན་དང་མཉམ་དུ། སུའེ་ཙེར་རྒྱལ་ཁབ་ཀྱི་ཏ་ཝུའོ་སི་རུ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་འཚོགས་པའི་རིང་ལ་གྲོས་མོལ་བྱས།

གྲོས་མོལ་དེ་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཏ་ཝོ་སི་གྲོང་རྡལ་གྱི་དུས་རབས19པའི་ཆོས་ཁང་ཞིག་ཏུ་ཡོད་པའི“ཨ་རིའི་ཁྱིམ་ཚང་”ཞིག་ཏུ་བཀོད་སྒྲིག་བྱས་ནས་འཚོགས། ཨུ་རུ་སུའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། བསྟུད་མུར་དུས་ཚོད་གཉིས་ལྷག་གི་རིང་ལ་གྲོས་མོལ་བྱས་ཡོད་ཟེར།

ཝེ་ཐེ་ཁོ་ཧྥུའུ་ཡིས་གྲོས་མོལ་ཚར་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཐེངས་འདིའི་གྲོས་མོལ་ནི“དགེ་མཚན་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད”ཟེར། ཏེ་སྨི་ཐེ་ལི་ཡེ་ཧྥུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ལ“དྲང་ཕྱོགས་ཀྱི་དགེ་མཚན”ལྡན་པ་དང་། མི་སྔར་ལས་མང་པོ་ཞིག་གིས་ཨུ་རུ་སུའི་ལངས་ཕྱོགས་ཀྱི་ཡང་དག་པའི་རང་བཞིན་ལ་རྒྱུས་ལོན་བྱེད་ཐུབ་ཀྱིན་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།