ཨུ་རུ་སུའི་ནང་སྲིད་པུའུ་ཀྲང་གིས་ཁུ་པ་རུ་འཚམས་འདྲི་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སུའི་ཁུ་པ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཝེ་ཁུ་ཐའོ་ཁུ་ལའོ་ནེ་ལི་ཡིས་ཚེས20ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།    ཨུ་རུ་སུའི་ནང་སྲིད་པུའུ་ཀྲང་ཧྥོ་ལཱ་ཅི་མིས་ཨར་ཁུ་ལོ་ཁུ་ལི་ཚེ་ཧྥུའུ་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་ཧཱ་ཝ་ནཱ་རུ་འབྱོར་ནས་ཁུ་པར་འཚམས་འདྲི་བྱེད་འགོ་བརྩམས།  ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་།  ལྷག་པར་དུ་ནག་ཉེས་ལ་རྒོལ་བའི་ཁྱབ་ཁོངས་ཀྱི་མཐུན་སྦྱོར་རོགས་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་རེད།  

ཨུ་རུ་སུའི་ཁུ་པ་རུ་སྡོད་པའི་གཞུང་ཚབ་ཁང་གིས་བཤད་རྒྱུར།    འཚམས་འདྲིའི་སྐབས་སུ།    ཁུ་ལོ་ཁུ་ལི་ཚེ་ཧྥུའུ་ཡིས་ཕྱོགས་གཉིས་ཀྱིས་མཉམ་ལས་མང་པོ་སྤེལ་རྒྱུ་ཡིན་པར་མ་ཟད།   ཁུ་པའི་ལོ་རྒྱུས་དང་འབྲེལ་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྒྱུ་རེད་ཟེར།

ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ལས་ཁུངས་ཀྱི་ཚགས་པར་ཀི་ལ་མཱ་ཚགས་པར་སྟེང་བསྒྲགས་པ་ལྟར་ན།    ཚེས20ཉིན། ཁུ་ལོ་ཁུ་ལི་ཚེ་ཧྥུའུ་ཧཱ་ཝ་ནཱའི་ཁུ་ལུང་བང་སོར་སོང་ནས།   ཝེ་ནེ་ཙུའེ་ལ་རུ་རྐྱེན་ལམ་དུ་ཤོར་བའི་ཁུ་པའི་མི་སྣར་མེ་ཏོག་གི་ཕྲེང་བ་ཕུལ།   ཁུ་པའི་ནང་སྲིད་པུའུ་ཡི་དཔོན་རིགས་པཱ་ཨར་ཁཱ་སེ་ཡིས་མཛད་སྒོའི་སྟེང་བཤད་རྒྱུར།   ཨུ་རུ་སུའི་ནང་སྲིད་པུའུ་ཀྲང་མིག་སྔའི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ཁུ་པར་འཚམས་འདྲིར་ཡོང་བ་དེས་རྒྱལ་ཁབ་གཉིས་བར་གྱི་སྲ་བརྟན་འགྱུར་མེད་ཀྱི་སྤུན་ཟླའི་བརྩེ་བ་མཚོན་ཡོད་ཟེར།  ཁོས་ད་རུང་བསྟན་དོན།   ཁུ་པས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཉེ་ལམ་ཁུ་པའི་གསར་དུ་འགན་ཁུར་བའི་ཨུ་རུ་སུར་སྡོད་པའི་གཞུང་ཚབ་ཆེན་མོའི་རྒྱལ་ཡིག་དང་ལེན་བྱེད་སྐབས་ཀྱི་རྣམ་འགྱུར་ལ་ཧ་ཅང་ཡིད་ཚིམས་ཡོད།  

ཚེས15ཉིན།   ཕུའུ་ཅིན་གྱིས་ཁུ་ལི་མུའུ་ལིན་ཕོ་བྲང་དུ་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར།    ཨུ་རུ་སུ་དང་ཁུ་པ་གཉིས་ཀྱིས་སྲ་བརྟན་འགྱུར་མེད་ཀྱི་འཛའ་བརྩེའི་འབྲེལ་བ་སྲུང་འཛིན་བྱེད་བཞིན་ཡོད་པ་དང་།   ཨུ་རུ་སུ་ཕྱོགས་ཀྱིས་སྔར་སྲོལ་བཞིན་ཁུ་པ་ཕྱོགས་ལ་རོགས་སྐྱོར་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་མ་ཟད།   བློ་བརྟན་འགྱུར་མེད་སྒོས་ཁུ་པས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།