
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས24ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁ། ཨུ་རུ་སི་བཅས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་སྤེལ་བའི་ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་མོལ་མཇུག་སྒྲིལ་བ་དང་། དེར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར། ཁོས་བཤད་རྒྱུར། ཕྱོགས་སོ་སོས་མུ་མཐུད་དུ་གྲོས་མོལ་བྱེད་འདོད་ཡོད་ན་ཐེངས་རྗེས་མའི་གྲོས་མོལ་དེ་གཟའ་འཁོར་རྗེས་མར་སྤེལ་ཐུབ་པའི་རེ་བ་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། གྲོས་མོལ་དེར་ཕྱོགས་གསུམ་གྱི་དམག་ཕྱོགས་འཐུས་མི་འདུས་པ་དང་། ཝུའུ་ཁི་ལན་གྱི་གྲོས་མོལ་འཐུས་མིར་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ། ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་པུའུ་ཏཱ་ནོའུ་ཧྥུའུ། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཀི་ནཱ་ཐའོ་ཧྥུའུ། ཝུའུ་ཁི་ལན་མི་དམངས་གཞུང་ཞབས་ཏང་གི་གྲོས་ཁང་ཏང་ཚོགས་ཀྱི་ཀྲུའུ་ཞི་ཨ་ལཱ་ཧཱ་མུས་ཡཱ། ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་དང་པོ་ཅི་སི་ལེ་ཁྲ། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་སི་ཅི་པུས་ཚི་ཅི་བཅས་ཡོད་ལ། ཨ་མེ་རི་ཁའི་འཐུས་མིར་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ། ཨ་མེ་རི་ཁའི་སྐམ་དམག་གི་པུའུ་ཀྲང་ཏི་ལི་སི་ཁི་ཨར། བྱང་ཆིངས་རྩ་འཛུགས་ཡོ་རོབ་གླིང་མནའ་འབྲེལ་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཡཱ་ལི་ཁི་སུའུ་སི་ཀི་ལིན་ཁི་ཝེ་ཆི། ཕོ་བྲང་དཀར་པོའི་མཐོ་རིམ་བློ་འདོན་པ་ཆའོ་ཞི་ཀི་ལོན་པའོ་མུའུ་བཅས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་དམག་ཕྱོགས་ཀྱི་གསང་འཕྲིན་མི་སྣ་དང་དམག་ཕྱོགས་འཐུས་མི་མངགས་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བསྟན་དོན། གྲོས་མོལ་གྱི་གྲོས་གཞི་གཙོ་བོ་ནི་འཐབ་འཁྲུག་མཇུག་སྒྲིལ་དུ་འཇུག་པའི་ཇུས་གཞི་ཡིན། ཕྱོགས་སོ་སོས་ཨ་མེ་རི་ཁས་འཐབ་འཁྲུག་དེ་མཇུག་སྒྲིལ་བའི་འཕེལ་རིམ་ལ་དགོས་ངེས་ཀྱི་ལྟ་རྟོག་དང་ཚོད་འཛིན་བྱས་ཏེ་ངེས་པ་དོན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ལེན་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། འཐབ་འཁྲུག་མཇུག་སྒྲིལ་བ་དང་དེར་མཁོ་བའི་བདེ་འཇགས་ཆ་རྐྱེན་ཐད་ནས། ཨ་མེ་རི་ཁས་ཇུས་གཞི་བཏོན་ཡོད། ཕྱོགས་སོ་སོས་ཕྱིར་སོང་རྗེས་གྲོས་མོལ་གྱི་ཕྱོགས་སོ་སོའི་ཐད་ནས་རང་རང་གི་འགོ་ཁྲིད་པར་སྙན་ཞུ་བྱེད་རྒྱུ་མ་ཟད། དེའི་རྗེས་ཀྱི་བྱ་བར་མཐུན་སྦྱོར་བྱེད་པར་གཅིག་གྱུར་འཐད་པ་བྱུང་། དམག་ཕྱོགས་འཐུས་མིས་ད་རུང་ཐེངས་རྗེས་མའི་གྲོས་མོལ་ནས་གྲོས་བསྡུར་བྱེད་རྒྱུའི་གྲོས་གཞིའི་གསལ་ཁྲ་གཏན་འཁེལ་བྱས་ཡོད་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སྲིད་གཞུང་གིས་བསྟན་དོན། ཐེངས་འདིའི་གྲོས་མོལ་གཙོ་སྒྲུབ་བྱས་པ་ལས་ནམ་རྒྱུན་རྒྱུན་འཁྱོངས་བྱེད་པའི་གྲོས་མོལ་ལངས་ཕྱོགས་མངོན་པར་མཚོན་ཡོད་ལ། སྟེགས་བུ་འདོན་སྤྲོད་བྱས་ནས་འཁྲུག་རྩོད་ཕྱོགས་སོ་སོར་ཐད་ཀར་བརྗེ་རེས་བྱེད་དུ་བཅུག་ན། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།