ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉས་སྐོར་ཐེངས་གསར་བའི་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཕྱོགས་སུམ་གྲོས་མོལ་དེ་གཟའ་འཁོར་རྗེས་མར་ཨ་པུའུ་ཀྲ་པུས་ནས་སྤེལ་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡིས་ཚེས24ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། སྐོར་ཐེངས་གསར་བའི་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཕྱོགས་སུམ་གྲོས་མོལ་དེ་གཟའ་འཁོར་རྗེས་མར་ཨ་པུའུ་ཀྲ་པུས་ནས་སྤེལ་རྒྱུ་ཡིན་ཟེར།

ཝེ་ཐི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཚེས23ཉིན་ནས་ཚེས24ཉིན་བར་ཨ་པུའུ་ཀྲ་པུས་ནས་སྤེལ་བའི་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཕྱོགས་གསུམ་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། ཕྱོགས་གསུམ་གྱིས་གཟའ་འཁོར་རྗེས་མར་མུ་མཐུད་དུ་ཨ་པུའུ་ཀྲ་པུས་ནས་གྲོས་མོལ་བྱེད་པའི་འཆར་གཞི་ཡོད་ཟེར།

མིག་སྔའི་བར་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་རྗེས་མའི་ཕྱོགས་གསུམ་གྲོས་མོལ་གྱི་དུས་ཚོད་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

གྲོལ་མ་ཐག་པའི་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཕྱོགས་གསུམ་གྲོས་མོལ་ནི2022ལོའི་ཟླ2པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཛ་དྲག་ཏུ་སོང་བའི་ཚུན་གྱི་ཕྱོགས་གསུམ་གྲོས་མོལ་ཐོག་མ་ཡིན་ལ། ཝེ་ཐི་ཁི་ཧྥུའུ་ནི་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིའི་གྲས་ཡིན།

ཉིན་དེར་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཕྱོགས་གསུམ་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཅིང་། དེའི་གྲོས་གཞི་གཙོ་བོ་ནི་འཐབ་འཁྲུག་མཇུག་སྒྲིལ་བའི་ཇུས་གཞི་འདོན་རྒྱུ་དེ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཕྱོགས་སོ་སོས་མུ་མཐུད་དུ་གྲོས་མོལ་བྱེད་པར་འཐད་པ་བྱུང་ན། ཐེངས་རྗེས་མའི་གྲོས་མོལ་དེ་གཟའ་འཁོར་རྗེས་མར་སྤེལ་ཐུབ་པའི་རེ་བ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།