སི་ཐཱ་མའོ་ཡིས་ཨེ་ཕའོ་སི་ཐན་གྱོད་གཞིའི་གནོད་ཐེབས་མཁན་ལ་དགོངས་དག་ཞུས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས5ཉིན་སྲིད་འཛིན་ཏང་བཟོ་བའི་ཏང་གི་སྔོན་ཆད་ཀྱི་མི་སྣ་གལ་ཆེན་མན་ཏི་ཨར་སིན་དང་འབྲེལ་བའི་ཨེ་ཕའོ་སི་ཐན་གྱོད་དོན་ལས་བྱུང་བའི་གནད་དོན་ཐད་ནས་གཏམ་བཤད་སྤེལ་ཏེ། ཁོས་སྔོན་ཆད་མན་ཏི་ཨར་སིན་གྱི་རྫུན་གཏམ་ལ་ཡིད་ཆེས་ནས་ཁོ་རང་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས་མྱོང་། དོན་དེའི་ཐད་ནས་ཨེ་ཕའོ་སི་ཐན་གྱོད་དོན་གྱི་གནོད་ཐེབས་མཁན་ལ་དགོངས་དག་ཞུས་པ་ཡིན་ཟེར།

སི་ཐཱ་མའོ་ཡིས་ཚེས5ཉིན་དབྱིན་ཀི་ལན་གྱི་སཱ་སེ་ཁི་སི་ཤར་མ་རྫོང་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཕྱི་ཕྱོགས་ཀྱིས་དེའི་སྔོན་མན་ཏི་ཨར་སིན་དང་ཨ་མེ་རི་ཁའི་ཚེ་ལས་འདས་པའི་ཨེ་ཕའོ་སི་ཐན་གཉིས་ངོ་ཤེས་པ་གསལ་བོར་ཤེས་ཡོད་ཀྱང་། ཉེ་སྔོན་ཐེར་འདོན་བྱས་པའི་རྒྱུ་ཆ་ལས་མངོན་པ་ལྟར་ན། ཕྱོགས་གཉིས་ཀྱི་འབྲེལ་བའི་ཟབ་ཚད་བསམ་ཡུལ་ལས་འདས་པ་ཞིག་ཡིན་པས་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཁོས་གྲོས་ཁང་ཕྱི་ནང་གི་དོགས་གཞི་དང་མི་དགའ་བའི་རྣམ་འགྱུར་ལ་རྒྱུས་ལོན་ཐུབ་པ་དང་། ནན་ཏན་གྱིས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

སི་ཐཱ་མའོ་ཡིས་བསྟན་དོན། ཉེན་རྟོག་ཕྱོགས་ཀྱི་རྟོག་ཞིབ་ལ་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག དང་ཐོག་མན་ཏི་ཨར་སིན་བསྐོ་འཇོག་བྱེད་སྐབས་ཁུངས་ལུང་དུ་བྱས་པའི་བདེ་འཇགས་ཞིབ་བཤེར་བསམ་འཆར་ཁྱབ་བསྒྲགས་བྱེད་དགོས་པའི་རེ་བ་བཏོན། ཁོས་ནན་གྱིས་བསྟན་དོན། ཁྲིམས་འཛིན་ལས་རིམ་ལ་བཀག་རྒྱ་བཟོ་བའི་བྱ་སྤྱོད་གང་རུང་སྤེལ་མི་སྲིད་ཟེར།

སྔ་ཉིན་སི་ཐཱ་མའོ་ཡིས་དབྱིན་ཇིའི་གྲོས་ ཁང་ནས་བཤད་རྒྱུར། མན་ཏི་ཨར་སིན་གྱིས་རྒྱལ་ཁབ་དང་གྲོས་ཁང་། བཟོ་བའི་ཏང་བཅས་ལ་རྒྱབ་འགལ་བྱས་ཏེ། ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་ཆེན་མོས་ཐེངས་མང་བོར་ཨེ་ཕའོ་སི་ཐན་བར་གྱི་འབྲེལ་བ་འདྲི་སྐབས་རྫུན་གཏམ་ཏག་ཏག་བཤད་པ་རེད་ཟེར།

གནད་དོན་དེ་ལས་སི་ཐཱ་མའོ་ཡིས་བཟོ་བའི་ཏང་ནང་ཁུལ་དང་ངོ་རྒོལ་ཏང་གི་གནོན་ཤུགས་ཆེན་པོ་ཁུར་ཡོད། དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པ་ལྟར་ན། སི་ཐཱ་མའོ་ཡི་རྒྱབ་སྐྱོར་གྱི་ཚད་ཆེས་དམའ་བའི་ཚད་དུ་གནས། དབྱིན་ཇིའི་སྨྱན་བྱད་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། གནད་དོན་དེ་ལས་སི་ཐཱ་མའོ་ཡི་སྲིད་འཛིན་མདུན་ལྗོངས་ལ་ཤུགས་རྐྱེན་ཐེབས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།