དབྱི་ལིང་སྲིད་འཛིན་གྱིས་ཧྲ་མུའུ་ཧཱ་ནེ་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལ་བསྐོ་འཇོག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས5ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེར་སྔོན་ཆད་ཀྱི་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཧྲ་མུའུ་ཧཱ་ནེ་དེ་དབྱི་ལིང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལ་བསྐོ་འཇོག་བྱས། དབྱི་ལིང་དང་དབྱི་སི་རལ་བར2025ལོའི་ཟླ6པར་ཉིན་བཅུ་གཉིས་རིང་གི་འཐབ་འཁྲུག་བྱུང་རྗེས། ལོ་དེའི་ཟླ8པར་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་འཛུགས་པར་ཆོག་མཆན་བཀོད། ལས་ཁུངས་དེར་ཕའེ་ཙེ་ཞི་ཆི་དབྱང་གིས་ཀྲུའུ་ཞིའི་འགན་ཁུར་བ་དང་། ལས་འགན་གཙོ་བོ་ནི་རྒྱལ་སྲུང་འཆར་གཞིར་གྲོས་ཞིབ་བྱེད་པའི་འགན་ཁུར་ཏེ། གཅིག་བསྡུས་ཀྱིས་དྲག་ཆས་དམག་དཔུང་གི་འཐབ་འཁྲུག་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད།

དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་སྲུང་ཨུ་ཡོན་ལྷན་ཁང་འཛུགས་པ་ནི་དབྱི་ལིང་གི་མཐོ་རིམ་བདེ་འཇགས་ལས་ཁུངས་རིམ་པར་བཅོས་བསྒྱུར་གལ་ཆེན་བྱེད་པའི་ཁག་ཅིག་ཡིན་པ་དང་། ལས་ཁུངས་དེའི་འགན་འཁྲི་གཙོ་བོ་ནི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་འོག འབྱུང་སྲིད་པའི་འཐབ་འཁྲུག་གང་རུང་ལ་བཀོད་འདོམ་བྱས་ཏེ། དབྱི་ལིང་གི་བདག་དབང་ལ་ཕྱི་ཕྱོགས་ཀྱི་འཇིགས་ཉེན་ཐེབས་པར་སྔོན་འགོག་བྱེད་ཆེད་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།