
ཨུ་རུ་སི་དང་ཝུའུ་ཁི་ལན། ཨ་མེ་རི་ཁ་བཅས་ཕྱོགས་གསུམ་གྱིས་ཚེས5ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་ཚོགས་ཡུན་ཉིན་གཉིས་ཀྱི་གྲོས་མོལ་མཇུག་སྒྲིལ་བ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མངའ་ཁོངས་དང་འཁྲུག་རྩོད་མཚམས་འཇོག་པ་སོགས་གནད་དོན་གཙོ་བོའི་ཐད་ནས་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལོན་མེད་པ་དང་། འབྲེལ་ཡོད་ཀྱི་ཆབ་སྲིད་དང་བདེ་འཇགས་གྲོས་གཞིའི་ཐད་ནས་ཀྱང་མཉམ་འབྲེལ་གསལ་སྒྲོག་སྤེལ་མེད།
གྲོས་མོལ་མཇུག་སྒྲིལ་བའི་ཉིན་དེར། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་སྐོར་ཐེངས་གསར་བའི་བཟུང་མི་བརྗེ་སྤོར་བྱ་བ་ཡོངས་འགྲུབ་བྱས། ཕྱོགས་གཉིས་ཀྱི་སྤྱི་སྒྲོག་ལྟར་ན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་སོ་སོར་བཟུང་མི157རེ་བརྒྱུད་སྤྲོད་བྱས་པ་དང་། བསྡོམས་པས་མི314རེད། དེ་ནི་ཉེ་བའི་ཟླ་ངོ་ལྔའི་རིང་ཕྱོགས་གཉིས་ཀྱིས་སྤེལ་བའི་གཞི་རྒྱ་ཆེ་བའི་བཟུང་མི་བརྗེ་སྤོར་ཐོག་མ་རེད། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཕྱིར་བཏང་བའི་མི་སྣའི་གྲས་སུ་དམག་མི་དང་མི་སེར་དཀྱུས་མ་ཡོད་ལ། ཕྱིར་ཝུའུ་ཁི་ལན་དུ་ལོག་ཡོད་ཟེར།
ཨ་མེ་རི་ཁའི་སྲིད་འཛིན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁ་དང་ཝུའུ་ཁི་ལན། ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་འཐུས་མིས་བཟུང་མི་བརྗེ་སྤོར་གནད་དོན་ཐད་ནས་གྲོས་མཐུན་བཀོད་པ་དང་། གྲོས་མོལ་དེར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར་ཡང་། ཕྱོགས་ཡོངས་ནས་འཁྲུག་རྩོད་ཐག་གཅོད་བྱེད་པར་སྔར་ལས་འབད་བརྩོན་ཆེན་པོ་བྱེད་དགོས་པ་ཁས་ལེན་བྱས།
ཝུའུ་ཁི་ལན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། སྐོར་ཐེངས་འདིའི་གྲོས་མོལ་དེ་ཝུའུ་ཁི་ལན་དང་ཨ་མེ་རི་ཁ། ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་རྣམ་པས་སྤེལ་བ་དང་། དེའི་རྗེས་སུ་ཚན་ཆུང་བགར་ནས་གྲོས་མོལ་བྱས་ཏེ་ལངས་ཕྱོགས་མཐུན་སྦྱོར་བྱས་ཟེར་ཡང་། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་བྱེ་བྲག་གི་གྲོས་མོལ་མཇུག་འབྲས་གསལ་བོར་བསྒྲགས་མེད་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱི་བཟུང་མིའི་བརྗེ་སྤོར་གནད་དོན་ཐད་ཀྱི་མཉམ་ལས་ལ་བའ་དྲིན་ཞུས། གྲུབ་འབྲས་དེ་ལས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དེ་བློ་གཏད་རུང་བའི་བར་འདུམ་པའི་ནུས་པ་མངོན་པར་མཚོན་ཡོད་པ་དང་། ཉམས་ཉེ་ཞི་འཇགས་སུ་གཏོང་བ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་པར་སྐུལ་འདེད་ཐེབས་ཡོད་ཟེར།
དབྱེ་ཞིབ་མི་སྣས་བལྟས་ན། ཨ་པུའུ་ཀྲ་པུས་ཀྱི་གྲོས་མོལ་ལས་མི་ཆོས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བརྡ་གསལ་བོ་བཏང་ཡོད་ཀྱང་། ཕྱོགས་གཉིས་བར་འཁྲུག་རྩོད་མཚམས་འཇོག་པའི་བཀོད་སྒྲིག་དང་མངའ་ཁོངས་དང་བདེ་འཇགས་འགན་སྲུང་སོགས་གནད་དོན་གཙོ་བོའི་ཐད་འགལ་བ་མངོན་གསལ་ཡོད། གྲོས་མོལ་མཇུག་སྒྲིལ་རྗེས། ཕྱོགས་སོ་སོས་སྐོར་ཐེངས་རྗེས་མའི་གྲོས་མོལ་གྱི་དུས་ཚོད་དང་བཀོད་སྒྲིག་གསལ་བོར་བསྒྲགས་མེད་པ་དང་། ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྔར་བཞིན་ངེས་གཏན་མེད་པའི་རང་བཞིན་ལྡན།
བསོད་ནམས་ཚེ་རིང་གིས་བསྒྱུར།