
འདི་ནི་ཟླ2པའི་ཚེས17ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་པར་བླངས་པའི་ཨུ་རུ་སི་དང་ཨ་མེ་རི་ཁ། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་གྲོས་མོལ་ཡུལ་དངོས་རྣམ་པ་རེད།
ཨུ་རུ་སི་དང་ཨ་མེ་རི་ཁ། ཝུའུ་ཁི་ལན་བཅས་ཀྱི་ཕྱོགས་གསུམ་འཐུས་མིས་ཚེས17ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་མགོ་བརྩམས། གྲོས་མོལ་དེ་གསང་སྟབས་ཀྱིས་སྤེལ་བ་དང་ཚོད་དཔག་བྱས་ན་ཉིན་གཉིས་འགོར་རྒྱུ་རེད།
ཨུ་རུ་སིའི་འཐུས་ཚབ་ཚོགས་པར་ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་མཱེ་ཅིན་སི་ཅི་ཡིས་སྣེ་ཁྲིད་ཡོད་པ་དང་། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་ཐི་ལིང་ཕུའུ་ཚང་གི་མག་པ་ཁུའུ་ཧྲི་ནཱ་གཉིས་ཨ་མེ་རི་ཁའི་འཐུས་མི་གཙོ་བོར་བྱས་ནས་གྲོས་མོལ་ལ་ཞུགས། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པའི་ཁོངས་མིར་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཝུའུ་མཱེ་ལོ་ཧྥུའུ་སོགས་ཡོད།
གསར་འགོད་པས་མཐོང་བ་ལྟར་ན། གྲོས་མོལ་བྱེད་སའི་གླིང་ཆེན་བར་གྱི་མགྲོན་ཁང་གི་སྒོ་ཁར་སྨྱན་བྱད་ཀྱི་པར་ལེན་བྱེད་ས་ཁ་ཁར་བཀོད་སྒྲིག་བྱས་ཡོད་པ་དང་། གསར་འགོད་པ་ཚོས་པར་ཆས་སོགས་བཟུང་ནས་གནས་ཚུལ་གསར་བར་སྒུག་ཡོད། ཡུལ་དངོས་སུ་བདེ་སྲུང་མི་སྣ་ཡོད་པ་དང་རླངས་འཁོར་སོགས་དུས་ངེས་མེད་དུ་འགྲོ་འོང་བྱེད་བཞིན་ཡོད། སུའེ་ཙེར་གྱི་ཕྱི་འབྲེལ་པུའུ་ཡིས་གླིང་ཆེན་བར་གྱི་མགྲོན་ཁང་གི་ཉེ་འདབས་སུ་ཐེངས་འདིའི་གྲོས་མོལ་གྱི་སྨྱན་བྱད་ལྟེ་གནས་བཀོད་སྒྲིག་བྱས་ཡོད།
ཝུའུ་མཱེ་ལོ་ཧྥུའུ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། བདེ་འཇགས་དང་མི་ཆོས་རིང་ལུགས་ཀྱི་གནད་དོན་ནི་སྐོར་ཐེངས་འདིའི་གྲོས་མོལ་གྱི་གྲོས་གཞི་གཙོ་བོ་ཡིན། ཝུའུ་ཁི་ལན་ཕྱོགས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་ཞིང་དོ་སྣང་བྱེད་པའི་རྣམ་འགྱུར་གྱིས་བྱ་བ་སྤེལ་བཞིན་ཡོད་ལ། དགོས་མེད་ཀྱི་རེ་བ་གང་ཡང་བཅངས་མེད། ཝུའུ་ཁི་ལན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ལས་འགན་ནི་རྒྱུན་མཐུད་ཐུབ་ཅིང་ཞི་བདེའི་ཐག་གཅོད་ཇུས་གཞི་མངོན་འགྱུར་བྱེད་པར་གང་ནུས་ཀྱིས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།