
ཚེས2ཉིན། ཨུ་རུ་སུའི་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་དབྱི་ལིན་ན·ཝོ་ཨར་ཁེ་ཡིས་ཉེ་སྔོན་མོ་སི་ཁོ་གྲོང་ཁྱེར་གྱི་ཉེན་རྟོག་པ3རྐྱེན་ལམ་དུ་ཤོར་རྐྱེན་ནི་ཝུའུ་ཁི་ལན་གྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱང་བསྟེན་འབར་གས་སྒྲིག་ཆས་འགས་གཏོར་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བཤད།
ཝོ་ཨར་ཁེ་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་གནས་ཚུལ་སྤེལ་ནས་བཤད་རྒྱུར། མིག་སྔར་སྤྱི་ཚོགས་དྲ་རྒྱ་དང་དུས་ཐོག་འཕྲིན་གཏོང་མཉེན་ཆས་སོགས་ཝུའུ་ཁི་ལན་གྱི་དམིགས་བསལ་ལས་དོན་སྡེ་ཁག་གིས་བེད་སྤྱོད་བྱས་ནས་ཨུ་རུ་སུའི་སྤྱི་དམངས་བསྡུས་ཏེ་ཉེས་གསོག་སྣ་ཚོགས་སྤེལ་བར་སྤྱོད་ཀྱི་ཡོད་ཅེས་བཤད།
ཨུ་རུ་སུའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ན་ནིང་ཟླ12པའི་ཚེས24ཉིན་དོགས་པ་ཡོད་པའི་སྐྱེས་པ་ཞིག་ཉེན་རྟོག་པའི་རླངས་འཁོར་ཞིག་གི་ཉེ་འགྲམ་དུ་ཐོན་ཞིང་། ཉེན་རྟོག་པ་གཉིས་མདུན་དུ་སོང་སྟེ་འཛིན་བཟུང་བྱེད་རྩིས་བྱེད་སྐབས། འབར་གས་སྒྲིག་ཆས་ཤིག་འགས་གཏོར་བྱུང་ནས་ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར། ད་ལོའི་ཟླ2པའི་ཚེས24ཉིན། སྐྱེས་པ་ཞིག་སྐོར་གཡེང་བྱེད་བཞིན་པའི་ཉེན་རྟོག་པའི་རླངས་འཁོར་ཞིག་གི་ཉེ་སར་བཏུད་པ་དང་། དེའི་རྗེས་སུ་གསལ་པོར་མི་མཐོང་བའི་སྒྲིག་ཆས་ཤིག་འགས་གཏོར་བྱུང་ནས་ཉེན་རྟོག་པ་ཞིག་རྐྱེན་ལམ་དུ་ཤོར་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།