
ཚེས2ཉིན། ཁུ་ཝེ་ཐེ་རྒྱལ་སྲུང་པུའུ་ཡིས་ཨ་རིའི་དམག་འཐབ་གནམ་གྲུ་འགའ་སར་ལྷུང་ཡོད་པ་དང་གནམ་གྲུའི་ནང་གི་མི་སྣ་ཚང་མ་གསོན་འདུག་ཅེས་བཤད།
ཁུ་ཝེ་ཐེའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས། ཨ་རིའི་དམག་འཐབ་གནམ་གྲུ་སར་ལྷུང་བའི་ཉིན་ནི་ཚེས་གཉིས་ཉིན་གྱི་སྔ་དྲོ་ཡིན་པར་བཤད་ཡོད་མོད། འོན་ཀྱང་དོན་རྐྱེན་བྱུང་བའི་ཞིབ་ཕྲའི་ས་གནས་དང་དེ་མིན་དོན་རྐྱེན་དང་འབྲེལ་བ་ཡོད་པའི་དམག་འཐབ་གནམ་གྲུའི་བཟོ་དབྱིབས་དང་གནམ་གྲུའི་གྲངས་འབོར་སོགས་ཀྱི་གནས་ཚུལ་ཅི་ཡང་ཕྱིར་བསྒྲགས་བྱས་མེད།
མགྲིན་ཚབ་པས་བཤད་རྒྱུར། ཉིན་དེའི་སྔ་དྲོ་ཨ་རིའི་དམག་འཐབ་གནམ་གྲུ་འགའ་སར་ལྷུང་ཡོད། ང་ཚོས་གནམ་གྲུ་དེ་དག་གི་ནང་གི་མི་སྣ་ཚང་མ་བདེ་འཇགས་ཡིན་པ་ར་སྤྲོད་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་བྱུང་རྗེས་མྱུར་དུ་འཚོལ་སྐྱོབ་ཀྱི་འགུལ་སྐྱོད་སྤེལ་ནས། གནམ་གྲུའི་ནང་གི་མི་སྣ་རྣམས་གནས་སྤོར་བྱས་པར་མ་ཟད། སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་བྱེད་པར་བསྐྱལ་ཡོད་པས་མིག་སྔར་ཁོ་ཚོའི་གནས་ཚུལ་རྒྱུན་ལྡན་རེད་ཟེར།
མགྲིན་ཚབ་པས་བཤད་རྒྱུར། ཁུ་ཝེ་ཐེ་ཕྱོགས་ཀྱིས་དོན་རྐྱེན་གྱི་འབྲེལ་ཡོད་གནས་ཚུལ་ཐད་ནས་ཨ་རིའི་དམག་དཔུང་དང་ཐད་ཀར་མཐུན་སྦྱོར་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་གྱི་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཟེར།
ཉིན་དེའི་སྔ་དྲོར་དབུས་ཤར་ས་ཁུལ་གྱི་སྨྱན་བྱད་མང་པོ་ཞིག་གིས་ཨ་རིའི་དམག་འཐབ་གནམ་གྲུF-15རྟགས་ཅན་དེ་ཁུ་ཝེ་ཐེར་ལྷུང་བའི་གནས་ཚུལ་སྤེལ་ཡོད། སྤྱི་ཚོགས་སྨྱན་བྱད་ཀྱི་བརྙན་ལམ་ནས་མངོན་པ་ལྟར་ན། དམག་འཐབ་གནམ་གྲུ་དེའི་མཇུག་ཏུ་མེ་ལངས་ནས་མཁའ་དབྱིངས་ནས་ལྷུང་བའི་རྣམ་པ་མཐོང་ཐུབ། སྐབས་དེར་གནས་ཚུལ་ཤེས་མཁན་ཞིག་གིས་བཤད་རྒྱུར། དམག་འཐབ་གནམ་གྲུ་དེར་རང་དམག་གིས་ནོར་ནས་ཕར་རྒོལ་བྱས་པ་རེད་ཟེར། གཞན་ཡང་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། དམག་འཐབ་གནམ་གྲུ་དེ་ཁུ་ཝེ་ཐེ་རུ་ཡོད་པའི་ཨ་རིའི་དམག་དོན་རྟེན་གཞིའི་ཉེ་འགྲམ་དུ་ལྷུང་ཡོད་པར་བཤད། རྒྱུ་རྐྱེན་ངོ་མ་ད་དུང་གསལ་པོ་མི་ཤེས།
གཡང་འབུམ་རྒྱལ་གྱིས་བསྒྱུར།