
ཚེས1ཉིན། ཡུག་ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་རིག་གཞུང་གློག་འཕྲིན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་དགུན་དུས་ཧྲིལ་པོའི་རིང་ལ་ཨུ་རུ་སུས་ཝུའུ་ཁི་ལན་ལ་ཁྱོན་བསྡོམས་འཕུར་མདེལ་སྣ་ཚོགས་700ལྷག་ཙམ་འཕེན་གཏོང་ཡོད་ཅེས་བཤད།
ཙེ་ལན་སི་ཅི་ཡིས་ན་ནིང་གི་ཟླ12པའི་ཚེས6ཉིན་ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་གཞི་ཁྱོན་ཆེན་པོའི་རྡུང་རྡེག་ཐེངས་ཤིག་བྱས་པ་དང་། སྐབས་དེར་ཨུ་རུ་སུ་ཕྱོགས་ཀྱིས་འཕུར་མདེལ50ལྷག་ཙམ་འཕེན་གཏོང་བྱས་པ་དང་རྡུང་རྡེག་དམིགས་འབེན་700ལྷག་ཙམ་ཟིན་ཡོད་ཟེར། ཁོས་ཝུའུ་ཁི་ལན་གྱིས་ཨུ་རུ་སུའི་དམག་དཔུང་གི་དགུན་དུས་ཧྲིལ་པོའི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་ཐེངས་མང་པོར་ཕར་རྒོལ་བྱས་པར་མ་ཟད་ནུས་ཁུངས་ཀྱི་མ་ལག་སྲུང་འཛིན་བྱས་ཡོད་ཅེས་བཤད།
ཙེ་ལན་སི་ཅི་ཡིས་ད་དུང་ཝུའུ་ཁི་ལན་གྱི་ནུས་ཁུངས་ཀུང་སི་དང་། ཝུའུ་ཁི་ལན་གྱི་མཁའ་ཟོན་དམག་དཔུང་། ཝུའུ་ཁི་ལན་གྱི་རྒྱལ་ཁབ་འཕྲལ་བསྟུན་གནས་ཚུལ་ཅུའུ། དེ་མིན་སྤྱི་པའི་བྱ་གཞག་སྡེ་ཁག་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། ཁོས་བཤད་རྒྱུར། ད་ནི་ང་ཚོས་དགུན་ཁ་འདི་བརྒལ་ཟིན་པ་དང་འདི་ནི་དམག་འཁྲུག་བྱུང་ནས་ལོ་མང་རིང་གི་དཀའ་སྡུག་ཆེས་ཆེ་བའི་དགུན་ཁ་ཞིག་རེད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།