
ཟླ3པའི་ཚེས2ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་རི་དང་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་མ་ཐོབ་པར་དབྱི་ལིང་ལ་དམག་དོན་རྡུང་རྡེག་བཏང་བ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དམག་འཁྲུག་དེ་མཐའ་འཁོར་རྒྱལ་ཁབ་དག་ལ་ཁྱབ་པར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཚོ་ཁུག་རྒྱལ་ཁབ་དག་གི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་གང་ལེགས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་དམག་དོན་འགུལ་སྐྱོད་མཚམས་བཞག་ནས་དམག་འཁྲུག་སྔར་ལས་རྒྱ་ཁྱབ་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།