ཀྲུང་གོའི་འཕེལ་རྒྱས་གསར་བས་འཛམ་གླིང་ལ་གོ་སྐབས་གསར་བ་བསྐྲུན།
ཁུངས། ཀློག་གྲངས།

ཚོགས་ཆེན་གཉིས་ནི་འཛམ་གླིང་གིས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་པ་དང་འཛམ་གླིང་ཧྲིལ་བོའི་ཡིད་དབང་བཀུག་ཡོད། ཚོགས་ཆེན་གཉིས་ཀྱི་གནས་ཚུལ་སྤེལ་མཁན་གྱི་ཕྱི་རྒྱལ་གྱི་གསར་འགོད་པ་མི་ཉུང་བ་ཞིག་གིས་ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་ཐུབ་པར་རེ་བ་ཆེན་པོ་བཅངས་ཡོད་པའི་ཚུལ་བསྟན། 

ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་ཕྱི་རྒྱལ་གྱི་གསར་འགོད་པ་སྟོང་ལ་ཉེ་བ་གནས་ཚུལ་སྤེལ་བར་ཡོང་ཡོད་ལ། ཁོ་ཚོས་ད་ལོའི་ཚོགས་ཆེན་གཉིས་ལས་བཏོན་པའི་ཆ་འཕྲིན་གལ་ཆེན་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱིན་ཡོད། གསར་འགོད་པ་མི་ཉུང་བ་ཞིག་གིས་ཀྲུང་གོའི་དཔལ་འབྱོར་ལ་གསོན་ཤུགས་དང་མཉེན་ཆ་ལྡན་པས་ཁོ་ཚོར་བག་ཆགས་ཟབ་མོ་བཞག་ཡོད་པའི་ཚུལ་བསྟན།

ད་ལྟའི་ཨུ་རུ་སུ་ཞེས་པའི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཨ་ལི་ན.སཱ་ལི་ནུའོ་ཝ་ཡིས་བཤད་རྒྱུར། ཚོགས་ཆེན་གཉིས་ནི་ཀྲུང་གོའི་དཔལ་འབྱོར་ལ་རྒྱུས་ལོན་བྱེད་པའི་ཚད་གཞི་ཡིན་ལ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་ཀྲུང་གོ་དང་འབྲེལ་བ་ཡོད་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་ལའང་འབྲེལ་བ་ཆེན་པོ་ཡོད། ངས་ཐོག་དང་པོར་ཀྲུང་གོའི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་སྤེལ་བ་ཡིན་ལ། དོ་ཁུར་བྱས་པའི་གྲོས་གཞི་ཅུང་མང་བ་དང་། དཔལ་འབྱོར་གྱི་གྲོས་གཞི་ནས་ཚན་རྩལ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་བཅས་འདུས་ཡོད་ཟེར། 

ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་གཙོ་སྒྲིག་པ་ཨ་པུའུ་ཏུའུ་ལཱ་ཧོ་མན་གྱིས་བཤད་རྒྱུར། གསར་གཏོད་དང་མི་ཐབས་རིག་ནུས། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་སོགས་ཁྱབ་ཁོངས་དེ་དག་ནང་ཀྲུང་གོས་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད་ལ། འཛམ་གླིང་ཡོངས་ཀྱིས་ཀྲུང་གོའི་ཁྱབ་ཁོངས་དེ་དག་གི་མ་འོངས་པའི་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཀམ་པི་ཡའི་བརྙན་འཕྲིན་ཁང་གི་གསར་འགོད་པ་ཨོ་སི་མན.ཅཱ་ཐཱ་ཡིས་བཤད་རྒྱུར། ཀྲུང་གོར་ཡོང་ཐེངས་རེར་རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གསར་རྐྱང་མཐོང་རྒྱུ་ཡོད་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཟེར།

གསར་འགོད་པ་མང་པོ་ཞིག་གིས་བསྟན་དོན། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ནི་ཁོ་ཚོས་དོ་ཁུར་བྱ་ཡུལ་གཙོ་བོ་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལས་ཀྲུང་གོའི་རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞོར་དུ་འཛམ་གླིང་ཧྲིལ་པོར་མཉམ་ལས་དང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ཟེར།

པུར་ཀ་རི་ཡའི《གཏམ་བརྗོད་ཚགས་པར》གྱི་གསར་འགོད་པ་ཐཱ་ཉི་ཡཱ. ཀི་ལའོ་ཧི་ཆིས་ཝ་ཡིས་བཤད་རྒྱུར། ད་ལོ་ང་ཡོང་ནས་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་སྤེལ་དོན“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”དོ་ཁུར་བྱ་ཆེད་ཡིན། ཀྲུང་གོས་དོན་དངོས་ཀྱི་ཐོག་ནས་འཆར་གཞི་འདི་འདྲ་ཞིག་ཡོད་པའི་རྐྱེན་གྱིས་གཞི་ནས་འཛུགས་སྐྲུན་དང་འཕེལ་རྒྱས་མགྱོགས་པོ་བྱུང་བ་བདེན་དཔང་བྱས་ཡོད་ཟེར།  

ཝུའུ་ཙི་པིའེ་ཁོ་སི་ཐན་གྱི《མི་དམངས་གཏམ་བརྗོད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལུའུ་སི་ལན.ཁེན་ཀྲ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ན་ནིང་ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་ཉོ་ཚོང་དངུལ་འབོར་ཐོག་མར་ཨ་སྒོར་ཁྲག་ཁྲིག་གཅིག་ལས་བརྒལ། ཀྲུང་གོའི་མ་འོངས་འཕེལ་རྒྱས་ཀྱིས་ད་དུང་ཡང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་མཁོ་འདོན་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

རྒྱ་གར་གྱི《མིན་མེད་ཕོ་ཉའི་ཚགས་པར》གྱི་གཙོ་སྒྲིག་པ་ཞིས་ཐཱ་ལཱ་མོ.མེ་ཝ་ཏི་ཡིས་བཤད་རྒྱུར། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པས”ཀྲུང་གོ་གཅིག་པོ་མིན་པར། རྒྱལ་ཁབ་མང་པོར་ཕན་བདེ་དངོས་བསྐྲུན་ཐུབ་ལ། མ་འོངས་པའི་ལོ་ལྔའི་ནང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བྱེད་ཐབས་གལ་ཆེན་གྱིས་ཀྱང་རྒྱལ་ཁབ་མང་པོར་ཕན་ཁེ་བསྐྲུན་ངེས་རེད་ཟེར། 

ཀྲུང་ཨ་བརྙན་འཕྲིན་གྱི་གསར་འགོད་པ་པི་ནོ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ནང་ཀྲུང་གོས་སྔར་ལས་སྒོ་འབྱེད་བྱས་ནས། འཛམ་གླིང་གི་ས་ཁུལ་གཞན་དག་གི་ཚོང་ཟོག་ཀྲུང་གོའི་ཁྲོམ་རར་འདྲེན་པར་རོགས་རམ་བྱ་རྒྱུ་ཡིན་པའི་ཚུལ་བསྟན་ཡོད། ངས་བལྟས་ན་དེ་ལས་མཉམ་ལས་སྔར་ལས་མང་བོ་བསྐྲུན་ཐུབ་པར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གོང་དུ་འཕེལ་བར་ཡང་རོགས་རམ་ཐུབ་ངེས་རེད་ཟེར།