
ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས9ཉིན་མུའུ་ཅེ་ཐཱ་པཱ་ལ་གློག་འཕྲིན་བཏང་སྟེ། ཁོ་རང་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་དུ་བདམས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ལིང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
ཨུ་རུ་སིའི་སྲིད་འཛིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ལིང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་བར་གྱི་མཐུན་སྒྲིལ་གཅིག་གྱུར་སྲུང་འཛིན་བྱེད་རྒྱུ་ཡིན་ལ། ཨུ་རུ་སི་ནི་སྔོན་ཆད་དང་ད་ལྟ། མ་འོངས་པ་གང་ཡིན་ཡང་དབྱི་ལིང་གི་བློས་ཐུབ་གྲོགས་པོ་ཡིན་ཟེར།
ཕུའུ་ཅིན་གྱིས་ད་རུང་བཤད་རྒྱུར། དབྱི་ལིང་དྲག་ཆས་བཙན་འཛུལ་ལ་འཕྲད་པའི་སྐབས་སུ། མུའུ་ཅེ་ཐཱ་པཱ་ཡིས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གྱི་འགན་ཁུར་བར་བློ་སྤོབས་ཆེན་པོ་དང་སྒེར་སེམས་མེད་པའི་སྙིང་སྟོབས་མཁོ་བ་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་མུའུ་ཅེ་ཐཱ་པཱ་ཡིས་ཁོའི་ཡབ་ཆེན་གྱི་འདོད་བློའི་རྒྱུན་བསྐྱངས་ནས། དབྱི་ལིང་མི་དམངས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་དཀའ་ཁག་ཁྱད་དུ་གསོད་ཐུབ་པར་ཡིད་ཆེས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།