ཕུའུ་ཅིན་དང་ཐི་ལིང་ཕུའུ་ཡིས་ཁ་པར་བརྒྱུད་དེ་དབྱི་ལིང་གི་གནས་བབ་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས9ཉིན་གྱི་དགོང་མོར་བསྟན་དོན། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། གཙོ་བོ་དབྱི་ལིང་གི་གནས་བབ་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕུའུ་ཅིན་གྱིས་ཆབ་སྲིད་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་འཐབ་འཁྲུག་མྱུར་མོར་མཇུག་སྒྲིལ་དགོས་པའི་གྲོས་གཞི་རེ་འགའ་བཏོན།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཁ་པར་གྲོས་མོལ་དེ་དུས་ཚོད་གཅིག་ཙམ་འགོར་ཡོད་ཟེར། ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཆབ་སྲིད་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་འཐབ་འཁྲུག་མྱུར་མོར་ཐག་གཅོད་བྱེད་པའི་ཐད་ནས་ཕུའུ་ཅིན་གྱིས་འདོད་ཚུལ་རེ་འགའ་བཏོན། དེའི་ནང་མཚོ་ཁུགས་རྒྱལ་ཁབ་མང་བོའི་འགོ་ཁྲིད་པ་དང་དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་། རྒྱལ་ཁབ་གཞན་པའི་འགོ་ཁྲིད་པ་བཅས་ཀྱིས་འབྲེལ་འདྲིས་བྱེད་པར་བསམ་བློ་གཏོང་བ་སོགས་འདུས། ཐི་ལིང་ཕུའུ་ཡིས་ཕུའུ་ཅིན་ལ་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་འགུལ་སྐྱོད་མུ་མཐུད་དུ་སྤེལ་བའི་གནས་ཚུལ་འོག་གི་ཉེ་སྔོན་གྱི་གནས་བབ་ལ་དཔྱད་འཇོག་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཕྱོགས་གཉིས་ཀྱིས་བརྗོད་དོན་དེའི་ཐད་ནས་བྱེ་བྲག་དང་ཕན་ནུས་ལྡན་པའི་བརྗེ་རེས་བྱས་ཟེར།

ཝུའུ་ཧྲ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཡང་བསྐྱར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མྱུར་མོར་མཚམས་བཞག་སྟེ། ཝུའུ་ཁི་ལན་གནད་དོན་གྱི་དུས་ཡུན་རིང་བོའི་ཐག་གཅོད་ཇུས་གཞི་འགོད་དགོས་པའི་རེ་བ་བཏོན།

གཞན་ཡང་ཨུ་རུ་སི་དང་ཨ་མེ་རི་ཁའི་འགོ་ཁྲིད་པས་ད་རུང་གོ་ལ་ཧྲིལ་བོའི་མ་བཅོས་རྡོ་སྣུམ་ཚོང་རའི་ཕྱོགས་ནས་ཝེ་ནེ་ཙུའེ་ལཱའི་གནས་དོན་ལ་གྲོས་བསྡུར་བྱས།

བསོད་ནམས་ཚེ་རིང་གིས་བསྒྱུར།